ཧིན་རྡུ་ཉི་ཞི་ཡཱའི་སེ་མཱེ་ལུའུ་མེ་རི་འཕྱུར་ནས་མི་སྟོང་གཉིས་ཙམ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད། 
2022.12.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ཁང་གིས་ཚེས་བཞི་ཉིན་བཤད་རྒྱུར། བཀྲ་ཝ་ཤར་མ་ཞིང་ཆེན་གྱི་སེ་མཱེ་ལུའུ་མེ་རི་ཉིན་དེར་དྲག་ཏུ་འཕྱུར་བ་དང་། ཧིན་རྡུ་ཉི་ཞི་ཡཱའི་ལྟ་ཞིབ་སྡེ་ཁག་གིས་མེ་རི་འཕྱུར་བའི་ཉེན་ཟོན་རིམ་པ་དེས་མཐོན་པོར་མཐོར་འདེགས་བྱས་ཡོད་ལ། མིག་སྔར་ས་དེའི་མང་ཚོགས་སྟོང་གཉིས་ཙམ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད། 

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ཁང་གི་མགྲིན་ཚབ་པ་ཚབ་མ་མུའུ་ཧཱ་ལི་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། བཀྲ་ཝ་ཤར་མ་ཞིང་ཆེན་གྱི་ལུའུ་མཱ་ཅང་རྫོང་གི་མངའ་ཁོངས་སུ་ཡོད་པའི་སེ་མཱེ་ལུའུ་མེ་རི་དེ་ཚེས་བཞི་ཉིན་གྱི་ཞོགས་པ་ནས་བཟུང་འཕྱུར་བ་དང་། འཕྱུར་བའི་མེ་རིའི་ཐལ་རྡུལ་གྱི་མཐོ་ཚད་སྨིད་སྟོང་གཅིག་དང་ལྔ་བརྒྱར་བསླེབས་ཡོད་ལ། འཕྱུར་བའི་ཐལ་རྡུལ་དག་ལྷོ་ཕྱོགས་དང་ཤར་ལྷོའི་ཕྱོགས་ཀྱི་ལུའུ་མཱ་ཅང་རྫོང་གི་ཞིང་སྡེ་མང་བོར་འཐོར་བ་རེད། གསལ་སྒྲོག་ལས་བཤད་རྒྱུར། མེ་རིའི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་བཅུ་གསུམ་ནང་ཁུལ་ནི་ཉེན་ཁའི་ས་ཁོངས་ཡིན་པ་དང་། རྒྱལ་ཁབ་གནོད་འགོག་ཁང་གིས་ས་དེའི་མང་ཚོགས་དག་ས་ཁོངས་དེ་དང་རིང་དུ་གྱེས་དགོས་པའི་སྐུལ་མ་བཏང་ཡོད་ཟེར། 

མུའུ་ཧཱ་ལི་ཡིས་གསལ་སྒྲོག་ལས་ད་རུང་བཤད་རྒྱུར། མེ་རིའི་ཐལ་རྡུལ་དེ་ཆར་ཆུར་འཕྲད་ན་འདམ་གསེག་ཆུ་ལོག་གི་གནོད་འཚེ་འབྱུང་སྲིད་པས། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ཁང་གིས་མང་ཚོགས་དག་མེ་རིའི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་བཅུ་བདུན་ནང་གི་གཙང་ལམ་དུ་འགྲོ་མི་རུང་བ་དང་། གཙང་འགྲམ་ཉེ་འདབས་ཀྱི་སྨིད་ལྔ་བཅུའི་ནང་བྱ་འགུལ་གང་ཡང་སྤེལ་མི་རུང་བའི་དྲན་སྐུལ་བྱས། ས་དེའི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ཉི་ཤུའི་བར། རྒྱལ་ཁབ་གནོད་འགོག་ཁང་ལ་མི་སྣར་ཤི་རྨས་བྱུང་བ་དང་རྒྱུ་ནོར་གྱོང་གུད་ཀྱི་སྙན་ཞུ་འབྱོར་མེད་ཟེར། 

ལུའུ་མཱ་ཅང་རྫོང་གི་གནོད་འགོག་ཁང་གིས་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་ཉེན་སྐྱོབ་ཅུའུ་དང་དམག་མི། དང་བླངས་པ་བཅས་དང་མཉམ་འབྲེལ་བྱས་ཏེ་རྒུད་སྐྱོབ་བྱ་འགུལ་སྤེལ་བཞིན་ཡོད། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ཁང་གིས་བསྒྲགས་པ་ལྟར་ན། མིག་སྔར་མི་སྟོང་གཅིག་དང་དགུ་བརྒྱ་དོན་དགུ་བྲེལ་མྱུར་ངང་ཉེན་ཡོལ་ས་ཁུལ་བཅུ་གཅིག་ཏུ་བསྐྱལ་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།