མའོ་ཞི་ཁོའི་ནུབ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར། 
2023.01.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

མའོ་ཞི་ཁོའི་གསར་འགྱུར་ལས་རིགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བསྒྲགས་པ་ལྟར་ན། མའོ་ཞི་ཁོའི་ནུབ་ཕྱོགས་ཀྱི་ནཱ་ཡཱ་ལི་ཐི་མངའ་སྡེ་རུ་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་ཟེར། 

བསྒྲགས་པ་ལྟར་ན། ཚེས་སུམ་ཅུ་ཉིན་གྱི་དགོང་མོར་འགྲུལ་བ་གང་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ནཱ་ཡཱ་ལི་ཐི་མངའ་སྡེའི་རི་མགོའི་གཞུང་ལམ་ཞིག་ཏུ་བགྲོད་སྐབས། ཧྥེ་ལེ་ཕའེ་དང་ཁཱ་ལི་ལོས་ཕུའུ་ཨེ་ཐོ་སྡེ་བའི་ཉེ་འདབས་སུ་ཁ་ལོ་བྱེད་ཐབས་བྲལ་ནས་གཞུང་ལམ་ལས་བརྒལ་ནས་གྲོག་རོང་དུ་ལྷུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་ཉི་ཤུ་ལྷག་ལ་རྨས་ཕོག་ཡོད་ལ། འགྲུལ་སྐྱེལ་རླངས་འཁོར་དེར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར། 

ནཱ་ཡཱ་ལི་ཐི་མངའ་སྡེའི་བདེ་འཇགས་སྡེ་ཁག་གིས་སྤྱི་སྒྲོག་སྤེལ་ཏེ། མིག་སྔར་ས་དེའི་དམངས་སྲུང་དང་མེ་གསོད། ཉེན་རྟོག་སོགས་སྡེ་ཁག་མང་བོས་རྨས་མ་མྱུར་སྐྱོབ་དང་དོན་རྐྱེན་བྱུང་སར་གཙང་དག་བྱེད་བཞིན་ཡོད་ཟེར། བསྒྲགས་པ་ལྟར་ན་འགྲུལ་སྐྱེལ་རླངས་འཁོར་དེ་བཀའ་ནཱ་ཧྭ་ཐོ་མངའ་སྡེའི་ལའེ་ཨང་གྲོང་ཁྱེར་དུ་འགྲོ་བའི་འཆར་གཞི་ཡོད་པ་རེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།