ཨིག་ཀྭ་ཏོར་སོགས་རྒྱལ་ཁབ་ལྔས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་མགོ་བརྩམས། 
2023.01.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཚེས་གསུམ་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་ཉིན་དང་པོ་ཡིན་ཞིང་། ཨིག་ཀྭ་ཏོར་དང་འཇར་པན། མར་ཐཱ། མའོ་སིང་པུས་ཁི། སུའེ་ཙེར་བཅས་རྒྱལ་ཁབ་ལྔའི་རྒྱལ་དར་བསྒྲེངས་པའི་མཛད་སྒོ་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོམས་ཁང་ཕྱི་རོལ་ནས་སྤེལ། དེ་ལས་རྒྱལ་ཁབ་ལྔ་བོ་དེ་གསར་དུ་བདམས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་ཆ་ནས་ལས་འགན་ལག་བསྟར་བྱེད་མགོ་བརྩམས་པ་མཚོན་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཧཱ་སག་སི་ཐན་གྱི་འཐུས་མིས་རྒྱལ་དར་བསྒྲེངས་པའི་མཛད་སྒོར་མགོ་འཛིན་བྱས་ཏེ་ཞུ་ཚིག་ཕུལ་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གསར་བ་ལྔ་ཡིས་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རེ་བཞིན་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་རྒྱལ་ཁབ་དེ་ལྔ་བོའི་འཐུས་མིས་སོ་སོར་གཏམ་བཤད་ཐུང་ངུ་སྤེལ་བར་མ་ཟད། རྒྱལ་ཁབ་རང་རང་གི་རྒྱལ་དར་དེ་རྒྱལ་དར་སྟེགས་བུའི་སྟེང་བཙུགས་པ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གསར་བའི་རྒྱལ་དར་བསྒྲེངས་པའི་མཛད་སྒོ་དེ་ཧཱ་སག་སི་ཐན་གྱིས་ཉིས་སྟོང་བཅོ་བརྒྱད་ལོ་ནས་སྤེལ་མགོ་གབརྩམས་པ་རེད། 

ཨིག་ཀྭ་ཏོར་སོགས་རྒྱལ་ཁབ་ལྔ་ཡིས་རྒྱ་གར་དང་ཨིར་ལན། ཁུན་ནེ་ཡཱ། མའོ་ཞི་ཁོ། ནོར་ཝེ་བཅས་ཀྱི་ཚབ་ཏུ། ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་མགོ་བརྩམས་པ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་གཞན་པ་ལྔ་ནི་ཨར་པཱ་ནི་ཡཱ་དང་པཱ་ཞི། ཀཱ་ཕིན། ཀཱ་ནཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་རེད། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྡོམས་པས་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡོད་ཅིང་། དེའི་ནང་ཀྲུང་གོ་དང་ཧྥ་རན་སི། ཨུ་རུ་སི། དབྱིན་ཇི། ཨ་མེ་རི་ཁ་བཅས་ནི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པ་དང་། དེའི་འཕྲོའི་ཁོངས་གཏོགས་རྒྱལ་ཁབ་བཅུ་ནི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་རེད། རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཡུན་ལོ་གཉིས་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་འདེམ་བསྐོ་བྱས་ཏེ་ལོ་རེར་ལྔ་རེ་བརྗེ་སྤོར་བྱེད་པ་ཡིན་ལ། བསྟུད་འགན་ཁུར་མི་ཆོག རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་བཅུ་བོ་དེ་ས་ཁུལ་ལྟར་བགོས་ཡོད་དེ། ཨ་ཧྥེ་རི་ཁ་གླིང་ས་ཁུལ་དུ་གསུམ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ། ཡོ་རོབ་གླིང་ནུབ་མ་དང་ས་ཁུལ་གཞན་པར་སོ་སོར་གཉིས་རེ་ཡིན་ལ། ཡོ་རོབ་གླིང་ཤར་མ་ས་ཁུལ་དུ་གཅིག་ཡིན། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཀྱི་འགན་འཁྲི་ཁུར་དུ་བླངས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོ་བོ་ཞིག་ཡིན། 


བསོད་ནམས་ཚེ་རིང་གིས་བསྒྱུར།