ས་དེའི་དུས་ཚོད་ཚེས་བཞི་ཉིན་གྱི་ཞོགས་པར། སོ་མཱ་ལིའི་དབུས་ཕྱོགས་ཀྱི་གྲོང་རྡལ་མཱ་ཧཱ་སི་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་། ས་དེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་མང་བོར་རྨས་ཕོག་ཡོད་ཟེར།
མཱ་ཧཱ་སི་ས་ཁུལ་གྱི་ཆེད་དོན་པ་ཧཱ་ལན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། སྟབས་བདེའི་འགས་གཏོར་སྒྲིག་ཆས་དྲུད་པའི་རླངས་འཁོར་ཞིག་ཁོ་ཚང་གི་སྒོ་ཁར་འགས་གཏོར་བྱུང་སྟེ། ཁོའི་བུ་ཆུང་ལ་འགས་གཏོར་ཁྲོད་རྨས་ཕོག་ཡོད་ཟེར། འཇབ་རྒོལ་དམིགས་འབེན་གཉིས་པ་ནི་གྲོས་མིའི་སྡོད་ཁང་ཞིག་ཡིན་པ་དང་། གྲོས་མི་དེས་ས་དེའི་འཇིགས་སྐུལ་ངོ་རྒོལ་གྱི་འགུལ་སྐྱོད་ཀྱི་འགན་ཁུར་ཡོད་ཟེར།
ཧཱ་ལན་གྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་གཉིས་ལས་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག མིག་སྔར་རྨས་ལྗིད་མོ་ཕོག་པའི་རྨས་མ་ཉེར་བརྒྱད་གནམ་གྲུ་བཀོལ་ནས་རྒྱལ་ས་མའོ་ཅཱ་ཏིས་ཧྲ་རུ་བསྐྱལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། ཚོད་དཔག་བྱས་ན་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁྱབ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།