ཨ་མེ་རི་ཁ་དང་འཇར་པན་གྱི་མགོ་ཁྲིད་པས་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱེད་རྒྱུ་རེད། 
2023.01.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

འཇར་པན་དང་ཨ་མེ་རི་ཁའི་འབྲེལ་བར་རྒྱུས་ལོན་ཡོད་པའི་མི་སྣས་བསྒྲགས་པ་ལྟར་ན། ཚོད་དཔག་བྱས་ན་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གཉིས་ཀྱིས་ཆེས་སྔ་ན་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ཝ་ཧྲིན་ཐོན་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

བསྒྲགས་པ་ལྟར་ན། དེ་ནི་ཨན་ཐེན་ཝུན་ཞོང་གིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་བར་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཕོ་བྲང་དཀར་པོར་འཚམས་འདྲི་བྱས་པ་རེད། ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཕིས་ཨེ་ཨར་གྱིས་མགོ་ཁྲིད་པ་གཉིས་ཀྱིས་གྲོས་མོལ་བྱེད་སྲིད་པའི་གནས་ཚུལ་བདེན་དཔང་བྱས་མེད་ཀྱང་། ཁོ་མོས་ཚེས་གསུམ་ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོར་ཅང་མ་འགོར་བར་འབྲེལ་ཡོད་ཀྱི་གནས་ཚུལ་མང་བོ་ཡོད་སྲིད་ཟེར། 

བསྒྲགས་པ་ལྟར་ན། པེད་ཏིན་དང་ཨན་ཐེན་ཝུན་ཞོང་གིས་གྲོས་མོལ་ཐེངས་མང་བྱས་པ་དང་། དེའི་ནང་ན་ནིང་ཟླ་ལྔ་བར་པེད་ཏིན་གྱིས་ཙུང་ཐུང་གི་ངེས་ནས་ཐོག་དང་པོར་འཇར་པན་དུ་འཚམས་འདྲི་བྱས་པ་དེ་ཡང་འདུས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཨན་ཐེན་ཝུན་ཞོང་གིས་པེད་ཏིན་དང་མཉམ་དུ་འཇར་པན་གྱིས་ཉེ་སྔོན་ཆོག་མཆན་བཀོད་པའི་རྒྱལ་ཁབ་བདེ་འཇགས་འགན་སྲུང་འཐབ་ཇུས་ལ་གྲོས་བསྡུར་བྱེད་སྲིད་པ་དང་། ཞོར་དུ་ཨ་མེ་རི་ཁས་ཟླ་ལྔ་བར་འཇར་པན་གྱི་ཀོང་ཏའོ་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་རོགས་འདེགས་བྱེད་དགོས་པའི་འབོད་སྐུལ་གཏོང་ངེས་རེད་ཟེར། 

བསྒྲགས་པ་ལྟར་ན། པེད་ཏིན་སྲིད་གཞུང་གིས་འཇར་པན་གྱིས་འགོག་སྲུང་ནུས་པ་ཇེ་དྲག་ཏུ་བཏང་བར་དགའ་བསུ་ཞུས་པ་དང་། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལེ་ཝུན་གྱིས་འཇར་པན་གྱིས་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་བླངས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།