མའོ་ཞི་ཁོའི་ཙུང་ཐུང་གིས་ཨ་མེ་རི་ཁས་ཐེ་གཏོགས་རིང་ལུགས་ཀྱི་སྲིད་ཇུས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 
2023.01.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

མའོ་ཞི་ཁོའི་ཙུང་ཐུང་ལོ་ཕའེ་སི་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཁོས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་མེ་གླིང་བྱང་མའི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྟེང་དུ་ཨ་མེ་རི་ཁའི་སྲིད་གཞུང་གིས་ལོ་ངོ་ཉིས་བརྒྱ་ལྷག་ལ་རྒྱུན་བསྐྱངས་པའི་མིན་ལོ་རིང་ལུགས་དང་དེའི་ཐེ་གཏོགས་རིང་ལུགས་ཀྱི་སྲིད་ཇུས་མཚམས་འཇོག་དགོས་པའི་འབོད་སྐུལ་གཏོང་རྒྱུ་ཡིན་ཟེར། 

ལོ་ཕའེ་སི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མའོ་ཞི་ཁོའི་སྲིད་གཞུང་གིས་མེ་གླིང་སྐམ་སའི་རྒྱལ་ཁབ་ཚང་མས་མཐུན་སྒྲིལ་དང་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་རང་གི་རྒྱལ་ཁབ་དག་གི་ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་། འཕེལ་རྒྱས་དོ་མཉམ་མིན་པ་དང་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཟེར། ཁོས་བསྟན་དོན། མེ་གླིང་དུ་མིན་ལོ་རིང་ལུགས་དང་ཐེ་གཏོགས་རིང་ལུགས་ཀྱི་སྲིད་ཇུས་དང་རྒྱལ་ཁབ་གཞན་པར་བཀག་སྡོམ་བྱེད་པའི་བྱ་སྤྱོད་བཅས་ཡོད་མི་རུང་བ་དང་། རྒྱལ་ཁབ་གང་རུང་ཞིག་གིས་ས་ཁུལ་དེར་གཙོ་ཁྲིད་བྱེད་པའང་མི་རུང་ལ། མི་རིགས་སོ་སོའི་རང་བདག་དབང་ཆ་དང་ཐག་གཅོད་དབང་ཆར་བརྩི་འཇོག་བྱེད་དགོས་ཟེར། 

ལོ་ཕའེ་སི་ཡིས་ཚེས་དགུ་ཉིན་མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་ནས་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་མཉམ་དུ་མེ་གླིང་བྱང་མའི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱི་སྒྲོམ་གཞིའི་འོག་ཏུ་ཕྱོགས་གཉིས་ཀྱི་གྲོས་མོལ་སྤེལ་རྒྱུ་རེད། དེ་ནི་པེད་ཏིན་གྱིས་ལས་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཁྱིམ་མཚེས་རྒྱལ་ཁབ་མའོ་ཞི་ཁོ་རུ་འཚམས་འདྲི་བྱས་པ་རེད། ལོ་ཕའེ་སི་ཡིས་བཤད་རྒྱུར། ཁོས་པེད་ཏིན་ལ་འཕྲིན་ཡིག་བསྐུར་ནས་གྲོ་སམོལ་གྱི་གྲོས་གཞི་གཙོ་བོ་གསལ་བཤད་བྱས་ཡོད་པ་དང་། མཐོ་རིམ་གྲོས་ཚོགས་སྐབས་སུ་པེད་ཏིན་ལ་གོང་གི་གྲོས་གཞི་དེ་འདོན་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།