ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར། 
2023.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ནེ་ཀྲི་རི་ཡཱའི་ལམ་སྲིད་དོ་དམ་སྡེ་ཁག་གིས་ཚེས་ལྔ་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཆི་མངའ་སྡེ་རུ་ཚེས་བཞི་ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་དང་རླངས་འཁོར་འདྲུད་བྱེད་ཀྱི་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར། 

པའོ་ཆི་མངའ་སྡེའི་ལམ་སྲིད་སྡེ་ཁག་གི་འགན་ཁུར་བ་ཡུག་སོ་ཧྥུའུ་ཨ་པུའུ་ཏུའུ་ལཱ་ཞེ་ཡིས་ཉིན་དེར་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་པའོ་ཆི་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྤྱི་སྤྱོད་རླངས་འཁོར་ཞིག་ཚེས་བཞི་ཉིན་གྱི་ཕྱི་དྲོར་མངའ་སྡེ་དེའི་ཐའོ་ལོ་ས་ཁུལ་གྱི་གཞུང་ལམ་ཞིག་གི་སྟེང་མྱུར་ཚད་ལས་བརྒལ་ནས་བགྲོད་སྐབས་རླངས་འཁོར་གྱི་རྒྱུ་ལམ་དང་བྲལ་ནས། ཁ་གཏད་ཀྱི་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་རྗེས་མེར་འབར་བ་རེད། དེ་ལས་སྤྱི་སྤྱོད་རླངས་འཁོར་སྟེང་གི་ཁ་ལོ་བ་དང་བཅས་པའི་མི་བཅོ་བརྒྱད་པོ་ཚང་མ་རྐྱེན་ལམ་དུ་ཤོར། དངོས་སྐྱེལ་རླངས་འཁོར་སྟེང་གི་ཁ་ལོ་བ་དང་བཅས་པའི་མི་གསུམ་པོར་རྨས་ཕོག་མེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།