སི་རི་ཡཱའི་ཙུང་ཐུང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱས། 
2023.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་ཀྱིས་ཚེས་བཞི་ཉིན་ཏཱ་མཱ་ཧྲི་ཀི་ནས་འཚམས་འདྲིར་ཡོང་བའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་འཕེལ་རྒྱས་སུ་གཏོང་བ། ས་ཁུལ་གྱི་གནད་དོན་གཙོ་བོ་སོགས་ལ་གྲོས་བསྡུར་བྱས། པཱ་ཧྲ་ཨར་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ས་ཁུལ་གྱི་གཏན་འཇགས་སྲུང་འཛིན་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཟེར། ཨ་པུའུ་ཏུའུ་ལཱ་ཡིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཉེ་བའི་ལོ་འགའི་རིང་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་སི་རི་ཡཱ་ཡིས་རིམ་བཞིན་ཕྱི་ཕྱོགས་འབྲེལ་འདྲིས་ལ་ཤུགས་སྣོན་བྱས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སི་རི་ཡཱ་རུ་སྡོད་པའི་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་བྱས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལས་གཞན། ཨ་རབ་རྒྱལ་ཁབ་མང་བོས་སི་རི་ཡཱའི་བར་གྱི་རྒྱུན་ལྡན་འབྲེལ་བར་སྐུལ་འདེད་གཏོང་བཞིན་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།