ཕུའུ་ཅིན་གྱིས་ཨུ་རུ་སིའི་དམག་དཔུང་གིས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་སུ་ཉིན་གཅིག་དང་ཕྱེད་ཀར་འཁྲུག་རྩོད་མཚམས་འཇོག་རྒྱུའི་ཚུལ་བསྟན། 
2023.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ལ་མཛུབ་སྟོན་བྱས་ཏེ། ཨུ་རུ་སིའི་དམག་དཔུང་གིས་མའོ་སི་ཁོ་ཡི་ཚེས་དྲུག་ཉིན་གྱི་དུས་ཚོད་བཅུ་གཉིས་ནས་ཚེས་བདུན་ཉིན་གྱི་ནམ་གུང་དུས་ཚོད་ཉེར་བཞིའི་བར་ཨུ་རུ་སི་དང་ཝུའུ་ཁི་ལན་དམག་དཔུང་གི་འབྲེལ་འདྲིས་བྱེད་སའི་འགྲམ་བརྒྱུད་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན། 

ཕུའུ་ཅིན་གྱིས་བསྟན་དོན། བྱ་སྤྱོད་དེ་ནི་ཨུ་རུ་སིའི་དངོས་རྒྱུད་ཆོས་ལུགས་ཤར་མའི་ཆོས་དཔོན་ཆེན་མོ་ཅི་ལི་ཨར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིར་ལན་སྟེར་བའི་ཆེད་དུ་ཡིན་ཟེར། ཁོས་ད་རུང་ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྱང་འཁྲུག་རྩོད་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། དད་ལྡན་པ་དག་གིས་དངོས་རྒྱུད་ཆོས་ལུགས་ཤར་མའི་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་སྐབས་སུ་ཆོས་ལུགས་བྱ་འགུལ་སྤེལ་བའི་གོ་སྐབས་སྟེར་དགོས་པའི་འབོད་སྐུལ་བཏང་། 

ཟླ་དང་པོའི་ཚེས་བདུན་ཉིན་ནི་དངོས་རྒྱུད་ཆོས་ལུགས་ཤར་མའི་ཡེ་ཤུའི་འཁྲུངས་སྐར་ཡིན་པ་རེད། ཨུ་རུ་སིའི་དངོས་རྒྱུད་ཆོས་ལུགས་ཤར་མའི་ཆོས་དཔོན་ཆེན་མོ་ཅི་ལི་ཨར་གྱིས་ཚེས་ལྔ་ཉིན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་བློ་འདོན་པ་པའོ་ཏའོ་ལེ་ཡཱ་ཁི་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་ཝུའུ་ཁི་ལན་གྱི་མངའ་ཁོངས་དང་བྲལ་ན། ད་གཟོད་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་ཐུབ་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།