མའོ་ཞི་ཁོ་ཡིས་དུག་རྫས་ལྐོག་འཚོང་བྱེད་མཁན་ཀུའུ་སི་མན་གྱི་བུ་འཛིན་བཟུང་བྱས། 
2023.01.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

མའོ་ཞི་ཁོ་རྒྱལ་སྲུང་པུའུ་ཀྲང་སིང་ཏའོ་ཝ་ཨར་གྱིས་ཚེས་དྲུག་ཉིན་བཤད་རྒྱུར། མའོ་ཞི་ཁོ་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་དུག་རྫས་ལྐོག་འཚོང་བྱེད་མཁན་ཧྭ་ཅིན་ཀུའུ་སི་མན་གྱི་བུ་ཨོ་ཝེ་ཏིས་ཨོ་ཀུའུ་སི་མན་འཛིན་བཟུང་བྱེད་པའི་འགུལ་སྐྱོད་ཁྲོད་བསྡོམས་པས་མི་ཉེར་དགུ་བསད་པ་དང་། དེའི་ནང་དམག་མི་བཅུ་འདུས་ཡོད་ཟེར། 

སིང་ཏའོ་ཝ་ཨར་གྱིས་ཚེས་དྲུག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མའོ་ཞི་ཁོའི་རྒྱལ་དམངས་ཉེན་སྲུང་རུ་ཁག་གིས་ཚེས་ལྔ་ཉིན་བྱང་ཕྱོགས་ཀྱི་ཞེ་ནཱ་ལོ་ཡཱ་མངའ་སྡེའི་ཁུའུ་ལེ་ཡཱ་ཁན་གྲོང་ཁྱེར་དུ་སྐོར་གཡེང་བྱེད་སྐབས་དོགས་ཡོད་རླངས་འཁོར་རུ་ཁག་ཅིག་རྙེད་པ་དང་། རླངས་འཁོར་སྟེང་ནས་དུག་རྫས་ལྐོག་འཚོང་སྡེ་ཚོགས་ཀྱི་ཁོངས་མིས་བདེ་འཇགས་ཞིབ་བཤེར་དང་ལེན་མ་བྱས་པར་མ་ཟད་བདེ་འཇགས་མི་སྣར་འཇབ་རྒོལ་བྱས། མའོ་ཞི་ཁོའི་དམག་ཕྱོགས་ཀྱིས་རོགས་དམག་མངག་ནས་རྒྱལ་དམངས་ཉེན་སྲུང་རུ་ཁག་དང་མཉམ་དུ་འགུལ་སྐྱོད་སྤེལ་ཏེ། ཨོ་ཝེ་ཏིས་ཨོ་སོགས་འཛིན་བཟུང་བྱས་པ་དང་། ཨོ་ཝེ་ཏིས་ཨོ་མའོ་ཞི་ཁོ་མངའ་སྡེའི་བཙོན་ཁང་ཞིག་ཏུ་བསྐྱལ་ནས་བཀག་འཇུག་བྱས་ཡོད་ཟེར། 

སིང་ཏའོ་ཝ་ཨར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། འཇབ་རྒོལ་མཁན་གྱི་དྲག་ཆས་སྤུས་ལེགས་ཡིན་པ་དང་། དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་མེ་མདའ་དང་བསྟུད་བརྒྱག་མེ་མདའ་སོགས་མཚོན་ཆ་མང་བོ་གཞུང་བཞེས་བྱས་པ་དང་། མདེལ་འགོག་རླངས་འཁོར་བཅུ་ཕྲག་འགའ་གཏོར་བཤིག་བཏང་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།