ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་བར་གྲོས་མོལ་བྱེད་པར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་པའི་ཚུལ་བསྟན། 
2023.01.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་བར་གྲོས་མོལ་བྱེད་པར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཟེར། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་དམག་དཔུང་གིས་ཚེས་དྲུག་ཉིན་གྱི་དུས་ཚོད་བཅུ་གཉིས་ནས་ཚེས་བདུན་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་བར་འཁྲུག་རྩོད་ས་མཚམས་ནས་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྱང་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ལྔ་ཉིན་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་བཏོན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིའི་དམིགས་ཡུལ་ནི་ངལ་གསོའི་གོ་སྐབས་ཞིག་ཐོབ་པར་བྱས་ནས་ཨུ་རུ་སིའི་དམག་དཔུང་གི་གསོན་ཤུགས་སླར་གསོ་བྱེད་དུ་འཇུག་ཆེད་རེད་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་གནས་བབ་དང་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་མཚོན་ཆ་དང་གསང་འཕྲིན་འདོན་སྤྲོད་བྱས་ཏེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གཏོར་བརླག་བྱེད་བཞིན་ཡོད་ཟེར། ཐུར་ཁེ་ཡིས་ཝུའུ་ཁི་ལན་གྱི་ཉམས་ཉེན་དེ་ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་པར་འདུམ་འགྲིག་བྱེད་འདོད་ཡོད་པར་དམིགས་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་པར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ཝུའུ་ཁི་ལན་གྱིས་མངའ་ཁོངས་གསར་བ་བརྩི་སྲུང་བྱེད་དགོས་ཟེར། 

ཐཱ་སི་གསར་འགྱུར་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་དམག་དཔུང་གིས་ཨུ་རུ་སི་ཡིས་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པ་ཁྱབ་སྒྲོག་བྱས་རྗེས་ཏོན་ནེ་ཚི་ཁི་རུ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་ཐེངས་མང་བྱས་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ལྔ་ཉིན་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་ལ་འཐབ་འཁོར་འདོན་སྤྲོད་བྱེད་རྒྱུ་དང་ཝུའུ་ཁི་ལན་གྱི་དམག་དཔུང་གིས་འཐབ་འཁོར་དེ་དག་ཁ་ལོ་བྱེད་པར་སྦྱོང་བརྡར་བྱེད་རྒྱུའི་ཚུལ་བསྟན། འཇར་མན་གྱིས་ད་རུང་ཨ་མེ་རི་ཁ་དང་མཉམ་དུ་ཝུའུ་ཁི་ལན་ལ་རྒྱལ་གཅེས་མཁན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཆ་ཚང་འདོན་སྤྲོད་བྱས་ཏེ་ཝུའུ་ཁི་ལན་གྱི་མཁའ་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར། དེ་ནི་ཝུའུ་ཁི་ལན་ལ་ཐོབ་པའི་རྒྱལ་གཅེས་མཁན་གྱི་མཁའ་སྲུང་འཕུར་མདའ་གཉིས་པ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཏོན་ནེ་ཚི་ཁི་ས་ཁུལ་གྱི་ཝུའུ་ཁི་ལན་གྱི་བཟུང་དམག་བཀག་འཇུག་བྱེད་ས་ཞིག་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་ཆེད་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་དངོས་རྟོག་ཞིབ་ཚན་ཆུང་གཏོར་རྒྱུ་ཐག་བཅད་པ་དང་། རྒྱུ་མཚན་ནི་མཉམ་འབྲེལ་རྒྱལ་ཚོགས་ལ་ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་རྟོག་ཞིབ་ཚན་ཆུང་གི་མི་སྣའི་བདེ་འཇགས་འགན་སྲུང་ལ་ཁས་ལེན་ཐོབ་མེད་པས་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།