ཨེ་ཅིབ་ཀྲུང་གོའི་ཚོང་ཚོགས་དང་ཨེ་ཅིབ་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་དཔལ་འབྱོར་དང་དངུལ་གཏོང་གླེང་སྟེགས་ཚེས་ལྔ་ཉིན་ཁེ་རོ་ནས་སྤེལ་བ་དང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་རིགས་སོ་སོའི་མི་ཉིས་བརྒྱ་དང་དགུ་བཅུ་ལྷག་གླེང་སྟེགས་ལ་ཞུགས།
ཨེ་ཅིབ་ཀྱི་འཆར་འགོད་དང་དཔལ་འབྱོར་འཕེལ་རྒྱས་པུའུ་ཀྲང་ཧཱ་ལཱ་སེ་དབྱེ་ཏི་ཡིས་གླེང་སྟེགས་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། རྒྱལ་སྤྱི་དང་ས་ཁུལ་གྱི་འགྲན་རྩོད་ལ་འཕྲད་ཡོད་ཀྱང་། ཨེ་ཅིབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་དཔལ་འབྱོར་དང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་གྲུབ་འབྲས་བླངས་ཡོད་ལ། ཀྲུང་གོའི་ཨེ་ཅིབ་ཀྱི་དངུལ་གཏོང་དེ་ནུས་ཁུངས་དང་གློག་ཤུགས། འཕྲོད་བསྟེན། ལག་རྩལ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་གཙོ་བོར་འབྲེལ་བ་ཡོད་ཟེར།
ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལའོ་ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཨེ་ཅིབ་ཀྱི་དངོས་གཉེར་མཉམ་ལས་ལ་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་བ་དང་། ཀྲུང་གོས་བསྟུད་མར་ལོ་དགུར་ཨེ་ཅིབ་ཀྱི་ཉོ་ཚོང་གྲོགས་པོའི་རྒྱལ་ཁབ་ཆེས་ཆེན་པོའི་གོ་གནས་སྲུང་འཛིན་བྱས། པྲོག་གསར་གློ་ཚད་རིམས་ནད་མཆེད་པ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་དལ་བ་སོགས་ཀྱི་འགྲན་རྩོད་ཚབས་ཆེན་མདུན་ནས། ཀྲུང་གོ་དང་ཨེ་ཅིབ་ཀྱི་མཛའ་མཐུན་མཉམ་ལས་ལ་སྔར་ལས་སྟོབས་དང་ལྡན་པར་གྱུར་ཡོད་ཟེར།
ཀྲུང་གོའི་ཧྲན་ཏུང་ཝེ་ཁྲེ་ཕྱི་འབྲེལ་ནང་གཏོང་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་པ་གཞོན་པ། ཨ་ཧྥེ་རི་ཁ་གླིང་ས་ཁུལ་ཆེན་མོའི་སྤྱི་གཉེར་བ་ཝང་ཀྲང་ཚོན་གྱིས་བཤད་རྒྱུར། ཀུང་ཟི་དེས་ཨེ་ཅིབ་བར་མཉམ་ལས་བྱས་ཏེ་ཁེ་རོའི་སྤྱི་སྤྱོད་རྡོ་སྣུམ་དེ་སོལ་རླངས་སུ་བསྒྱུར་བའི་ལས་གཞི་དང་ཡཱ་ལི་ཧྲན་ཏཱ་རང་བྱུང་སོལ་རླངས་ཀྱི་སྤྱི་སྤྱོད་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔར་ཁེ་རོའི་རང་བྱུང་སོལ་རླངས་སུ་བསྒྱུར་བའི་སྤྱི་སྤྱོད་རླངས་འཁོར་བཞི་བརྒྱ་ཙམ་རྩིས་སྤྲོད་བྱས་ཡོད་ཟེར།
ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་ཟིའི་ཨེ་ཅིབ་ཀྱི་ཀུང་ཟིའི་ཚོང་རའི་སྤྱིའི་ལྟ་སྐུལ་བ་ཏེན་ཡོན་གྱིས་བཤད་རྒྱུར། ཀུང་ཟིའི་ཨེ་ཅིབ་ཀྱི་བྱེད་སྒོའི་ཁྱབ་ཁོངས་ནི་སྲོལ་རྒྱུན་གྱི་ནུས་ཁུངས་དང་ནུས་ཁུངས་གསར་བ། བསྒྱུར་འདྲེན་གློག འགྲིམ་འགྲུལ་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད་ལ། མཉམ་ལས་གྲོགས་པོའི་བར་ལག་རྡང་སྦྲེལ་ནས་ནུས་ཁུངས་ཀྱི་ཕན་ནུས་མཐོ་བའི་བེད་སྤྱོད་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཨེ་ཅིབ་ཀྱི་སུའུ་དབྱེ་ཧྲི་མིས་བཟོས་གཙང་བོའི་དཔལ་འབྱོར་ས་ཁུལ་སྤྱི་ཁྱབ་ཅུའུ་ཡི་ཀྲུའུ་ཞི་ཝ་ལེ་ཏི་ཅཱ་མེད་ལེ་ཏེན་གྱིས་བསྟན་དོན། སུའུ་དབྱེ་ཧྲི་མིས་བཟོས་གཙང་བོའི་དཔལ་འབྱོར་ས་ཁུལ་དེ་ཀྲུང་གོ་དང་ཨེ་ཅིབ་ཀྱི་མཉམ་ལས་ཀྱི་མ་དཔེར་གྱུར་ཡོད་ཅིང་། མིག་སྔར་མཉམ་ལས་ཁུལ་ནང་གི་ཁེ་ལས་བརྒྱ་དང་སུམ་ཅུ་ལྷག་ས་ཁོངས་མི་འདྲ་བར་ཁྱབ་ཡོད་ལ། ཨེ་ཅིབ་ཀྱི་ལས་གཞི་ཆེན་མོའི་འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།