སེ་ཨར་ཝེ་ཡཱའི་ཙུང་ལི་གཞོན་པ་དང་པོ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏཱ་ཆི་ཆི་ཡིས་ཁི་ལོ་ཏི་ཡཱ་རུ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་རྒྱུའི་ཚུལ་བསྟན། 
2023.01.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སེར་ཝེ་ཡཱའི་ཙུང་ལི་གཞོན་པ་དང་པོ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏཱ་ཆི་ཆི་ཚེས་དྲུག་ཉིན་ཁི་ལོ་ཏི་ཡཱའི་རྒྱལ་ས་སཱ་ཀི་ལེ་པུའུ་རུ་འབྱོར་ནས་ཁི་ལོ་ཏི་ཡཱའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་དང་གྲོས་མོལ་བྱས། ཏཱ་ཆི་ཆི་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། སེར་ཝེ་ཡཱ་དང་ཁི་ལོ་ཏི་ཡཱའི་འབྲེལ་བ་ལེགས་བཅོས་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་གཙོ་བོ་ཡིན་ཟེར། 

ཏཱ་ཆི་ཆི་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་རེ་འགའ་མྱུར་མོར་ཐག་གཅོད་བྱེད་ཐབས་མེད་ཀྱང་། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་ལེགས་བཅོས་བྱེད་པའི་དགོས་གལ་རང་བཞིན་རྟོགས་ཡོད་ཟེར། ཁོས་ཐེངས་འདིའི་འགྲུལ་བཞུད་ལས་གྲོས་མོལ་བྱེད་དགོས་པར་མ་ཟད་ཡང་བསྐྱར་རྒྱལ་ཁབ་གཉིས་ཀྱི་མིག་སྔའི་འབྲེལ་བར་ངོས་འཛིན་བྱེད་དགོས་པའི་བརྡ་བཏང་ཡོད་པ་དང་། ང་ཚོས་གནད་དོན་མང་བོའི་ཐད་ཀྱི་འདོད་ཚུལ་མི་འདྲ་ཡང་ང་ཚོས་ངེས་པར་དུ་གྲོས་མོལ་ལ་བརྟེན་ནས་གྲོས་མཐུན་འགོད་དགོས་པ་ནན་གྱིས་བསྟན་ཡོད། 

ཏཱ་ཆི་ཆི་ཡིས་ཁི་ལོ་ཏི་ཡཱ་ཚེས་གཅིག་ཉིན་ཡོ་སྒོར་བཀོལ་བའི་ས་ཁུལ་དང་ཧྲིན་ཀིན་ས་ཁུལ་དུ་ཞུགས་པར་རྟེན་འབྲེལ་ཞུས་པ་དང་། ཁི་ལོ་ཏི་ཡཱ་སེར་ཝེ་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས་བླངས་པའི་གྲུབ་འབྲས་དེ་ས་ཁུལ་དེའི་ཐུན་མོང་གི་རྒྱལ་ཁ་ཡིན་པར་འདོད་ཡོད་ཟེར། 

ཕུའུ་ལེན་ཁི་ཝེ་ཆི་ཡིས་ཀྱང་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་འགྲིག་མཐུན་ཡོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཐུན་སྒྲིལ་གྱི་ཟམ་པ་འཛུགས་དགོས་པའི་ཚུལ་བསྟན། 

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡི་མངག་བཅོལ་ལྟར་ཏཱ་ཆི་ཆི་ཡིས་ཁི་ལོ་ཏི་ཡཱ་རུ་འཚམས་འདྲི་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་འཚོལ་ཞིབ་བྱས་པ་དང་། ཝུའུ་ཆི་ཆི་ཡིས་དེའི་སྔོན་བསྟན་དོན། ད་ལོར་ཁི་ལོ་ཏི་ཡཱ་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པར་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། 

ཁི་ལོ་ཏི་ཡཱ་དང་སེར་ཝེ་ཡཱ་སྔོན་ཆད་ནན་སི་ལཱ་ཧྥུའུ་སྤྱི་ཚོགས་རིང་ལུགས་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར་ནན་སི་ལཱ་ཧྥུའུ་རྒྱལ་ཕྲན་མཉམ་འབྲེལ་ཐོར་ཞིག་ཏུ་སོང་ནས། ཁི་ལོ་ཏི་ཡཱ་ཡིས་ལོ་དེར་རང་བཙན་བྱས་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་ཁི་ལོ་ཏི་ཡཱ་དང་སེར་ཝེ་ཡཱ་ཕྱོགས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་དང་། ད་ལྟའི་བར་སྔོན་ཆད་འཐབ་འཁྲུག་སྐབས་སུ་བཞག་པའི་གནད་དོན་མང་བོའི་ཤུགས་རྐྱེན་དབང་གིས་འབྲེལ་བ་ལེགས་བཅོས་བྱེད་པར་དཀའ་ཁག་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།