ཕཱ་ཁི་སི་ཐན་གྱི་ཙུང་ལི་ཡིས་ཀྲུང་གོས་ཕཱ་ཁི་སི་ཐན་གྱི་ཆུ་ལོག་རྒུད་སྐྱོབ་ཐད་རོགས་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། 
2023.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་པཱ་ཙི་ཡིས་ཚེས་དྲུག་ཉིན་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་སྲིད་གཞུང་དང་ཁེ་ལས་ཀྱིས་ཕཱ་ཁི་སི་ཐན་ལ་ཆུ་ལོག་གི་གནོད་འཚེ་ཐེབས་རྗེས་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུས། 

ཞཱ་པཱ་ཙི་ཡིས་ཉིན་དེར་རྒྱལ་ས་དབྱི་སི་ལན་པའོ་རུ་ཡོད་པའི་ཙུང་ལིའི་བཞུགས་ཤག་ནས་ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་སྡེ་ཚོགས་ཀྱིས་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་ཆུ་ལོག་སྔོན་འགོག་རྒུད་སྐྱོབ་ཐེབས་རྩར་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས། ཁོས་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་དུས་ཡུན་རིང་བོར་ཕཱ་ཁི་སི་ཐན་ནས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱས་ཤིང་། ཁྱད་པར་དུ་ན་ནིང་ཕཱ་ཁི་སི་ཐན་དུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་བའི་ཚུན་ལ་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུས། 

ཞཱ་པཱ་ཙི་ཡིས་ད་རུང་བཤད་རྒྱུར། ཕཱ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱས་པ་ལས་ཕཱ་ཁི་སི་ཐན་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཕཱ་ཁི་སི་ཐན་གྱི་ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་སོ་སོའི་འཛུགས་སྐྲུན་ཁྲོད་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དག་ནུས་ཁུངས་གསར་བ་དང་ཁྱད་པར་དུ་ཉི་འོད་ནུས་པའི་ཁྱབ་ཁོངས་ཀྱི་དངུལ་གཏོང་འཛུགས་སྐྲུན་ལ་ཤུགས་པར་དགའ་བསུ་ཞུས། 

ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཕཱ་ཁི་སི་ཐན་ཡན་ལག་ཀུང་ཟིའི་སྤྱི་གཉེར་བ་ལོས་ཞིག་ཧྥུན་གྱིས་བསྟན་དོན། ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་སྡེ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕཱ་ཁི་སི་ཐན་གྱི་ས་དེའི་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་བྱེད་པ་དང་། མུ་མཐུད་དུ་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྤེལ་བར་རོགས་རམ་བྱེད་བཞིན་ཡོད་ཟེར། 

ཕཱ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡི་གཞི་གྲངས་ལྟར་ན། ན་ནིང་ཟླ་དྲུག་པའི་ཚུན་ལ། ཆར་བ་དྲག་པོ་བབས་པ་ལས་ཕཱ་ཁི་སི་ཐན་དུ་རིགས་སྣ་ཚོགས་ཀྱི་གནོད་འཚེ་ལས་ཉུང་མཐར་ཡང་མི་སྟོང་གཅིག་དང་བདུན་བརྒྱ་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་གཉིས་བརྒྱད་བརྒྱ་ལྷག་ལ་རྨས་ཕོག་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།