འཇར་པན་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་མཉམ་ལས་བྱེད་པའི་ཐུན་མོང་འཕེལ་རྒྱས་ནི་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་དགོས་ངེས་ཀྱི་འབྲེལ་བ་ཡིན་པའི་ཚུལ་བསྟན། 
2023.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཉིས་སྟོང་ཉེར་གསུམ་ལོ་ནི་ཀྲུང་གོ་དང་འཇར་པན་གྱི་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་ངོ་ཞེ་ལྔ་འགོར་བའི་ལོ་ཡིན་པ་དང་། འཇར་པན་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་ཚེས་ལྔ་ཉིན་འཇར་པན་ཉིན་རེའི་གསར་འགྱུར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མཉམ་ལས་བྱེད་པའི་ཐུན་མོང་འཕེལ་རྒྱས་ནི་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་དགོས་ངེས་ཀྱི་འབྲེལ་བ་ཡིན་ཟེར། 

ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་ཏུ། འཇར་པན་གྱིས་པར་གཞི་གསར་བའི་རྒྱལ་ཁབ་བདེ་འཇགས་འགན་སྲུང་འཐབ་ཇུས་སོགས་བདེ་སྲུང་སྲིད་ཇུས་ཡིག་ཆ་གསུམ་ལ་གྲོས་མཐུན་བཀོད་པ་དང་། འཇར་པན་གྱིས་མ་འོངས་པའི་ལོ་ལྔའི་ནང་དམག་དོན་འགྲོ་སོང་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་རྒྱུའི་གྲོས་གཞི་བཏོན། དོན་དེའི་ཐད་ནས་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་བསྟན་དོན། གལ་ཏེ་དེ་ལྟར་འཕེལ་རྒྱས་སུ་སོང་ན། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་དམག་གྲབས་འགྲན་སྡུར་གྱི་འབྲེལ་བར་འགྱུར་སྲིད་ལ། མཉམ་ལས་བྱེད་པའི་ཐུན་མོང་འཕེལ་རྒྱས་ནི་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་དགོས་ངེས་ཀྱི་འབྲེལ་བ་ཡིན་ཟེར། 

ཧྥུའུ་ཐེན་ཁང་ཧྥུའུ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་དམག་དོན་སྟོབས་ཤུགས་མངོན་གསལ་གྱིས་ཇེ་ཆེར་སོང་ཡང་། ཀྲུང་གོས་འཇར་པན་བར་འཐབ་འཁྲུག་བྱེད་འདོད་མེད། ད་ལྟའི་ཀྲུང་གོ་མེད་ན། ཨ་མེ་རི་ཁས་ཀྱང་རྒྱལ་ཁབ་རང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཐབས་མེད་ལ། དགོས་ངེས་ཀྱི་གཞི་རྩའི་ཐུན་མོང་ལྟ་ཚུལ་ནི་འཇར་པན་དང་ཨ་མེ་རི་ཁ། ཀྲུང་གོ་བཅས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོ་དང་འདྲ་བར་ཁེ་ཕན་ཐུན་མོང་ཚོགས་པ་ཡིན་ཟེར། 

ཧྥུའུ་ཐེན་ཁང་ཧྥུའུ་ཡིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོ་ནི་འཇར་པན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན་ཞིང་། གཅིག་སྟོང་དགུ་བརྒྱ་དོན་བརྒྱད་ལོར་རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་ཀྲུང་གོ་དང་འཇར་པན་གྱི་ཞི་བདེའི་མཛའ་མཐུན་ཆིངས་ཡིག་ལས་འཇར་པན་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་བྱས་ཡོད། དེའི་རྗེས་སུ་འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དེ་འདྲའི་བདེ་ལེགས་ཤིག་མིན་ཡང་། མཛའ་མཐུན་དང་གཉིས་ཕན་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། འཇར་པན་ཕྱོགས་ཀྱིས་ལོ་ངོ་ལྔ་བཅུའི་སྔོན་གྱི་ཐོག་མའི་སེམས་འདུན་དེ་བཤད་མི་རུང་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།