ཨར་ཅི་རི་ཡཱའི་ནད་དུག་ཆེད་མཁས་པས་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པའི་ཚུལ་བསྟན། 
2023.01.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨར་ཅི་རི་ཡཱའི་ནད་དུག་ཆེད་མཁས་པ་ཁཱ་ཝ་ཧྲི་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོ་ནི་ཆེས་ཐོག་མར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱས་ཏེ་འདོན་སྤྲོད་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར། 

ཁཱ་ཝ་ཧྲི་ཡིས་ཨར་ཅི་རི་ཡཱའི་མུའུ་སི་ཐཱ་ཧྥ་ཕཱ་ཞཱ་སྨན་ཁང་དུ་ལས་བྱ་བ་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། རིམས་ནད་ཐོག་མར་བྱུང་སྐབས། ཨར་ཅི་རི་ཡཱ་ཡིས་ཀྲུང་གོར་རོགས་སྐྱོར་བྱས་པ་དང་། རིམས་ནད་སྐབས་སུ་ཀྲུང་གོས་ཀྱང་ཨར་ཅི་རི་ཡཱ་ལ་སྨན་བཅོས་དངོས་རྫས་འདོན་སྤྲོད་བྱས་པ་དང་སྨན་བཅོས་རུ་ཁག་མངག་ནས་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདོན་སྤྲོད་བྱས་པར་མ་ཟད། ཨར་ཅི་རི་ཡཱ་ནས་མཉམ་ལས་བྱས་ཏེ་འགོག་སྨན་ཐོན་སྐྱེད་བྱས། དེ་ལས་ཨར་ཅི་རི་ཡཱ་ཡིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རང་ཁ་རང་གསོ་བྱེད་པ་མངོན་འགྱུར་བྱེད་ཐུབ་པ་བྱུང་བ་དང་། རྒྱལ་ཁབ་རང་གི་སྐྱེ་དངོས་ཚན་རིག་དང་སྨན་རྫས་བཟོ་བའི་ཁྱབ་ཁོངས་ཀྱི་ནུས་པ་ཇེ་མཐོར་བཏང་ཡོད་ཟེར། 

ཁཱ་ཝ་ཧྲི་ཡིས་ཀྲུང་གོས་ཉེ་སྔོན་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ལེགས་བཅོས་བྱས་མཐོང་ཡོད། ཁོས་བལྟས་ན་འཛམ་གླིང་ཡོངས་སུ་མཆེད་པའི་ཨོ་མུས་ཁེ་རོན་ནད་དུག་གི་ནད་གཤིས་ཇེ་གཉོམ་དུ་སོང་བས། ཀྲུང་གོས་འགོག་སྡོམ་སྲིད་ཇུས་ལེགས་སྒྲིག་བྱས་པ་དང་། འགོག་སྨན་བརྒྱབ་པའི་ཚད་ཇེ་མཐོར་གཏོང་བ་དང་ལུས་སྟོབས་ཞན་པའི་མི་ཚོགས་ལ་སྲུང་སྐྱོབ་བྱས་ནས། དུས་ལྟར་སྨན་བཅོས་སྲོག་སྐྱོབ་འདོན་སྤྲོད་བྱས་པ་ནི་ཚན་རིག་དང་མཐུན་པའི་བྱེད་ཐབས་ཤིག་ཡིན་པར་བསམ་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།