ཧིན་རྡུ་ཉི་ཞི་ཡཱའི་མཱ་ལུའུ་ཀུའུ་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་བདུན་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་། 
2023.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཧིན་རྡུ་ཉི་ཞི་ཡཱའི་མཱ་ལུའུ་ཀུའུ་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་བཅུ་ཉིན་གྱི་ཞོགས་པར་ཚད་རིམ་བདུན་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣའི་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད། 

ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་དེ་པེ་ཅིང་དུས་ཚོད་ཚེས་བཅུ་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་ཞེ་བདུན་སྟེང་མཱ་ལུའུ་ཀུའུ་ཞིང་ཆེན་གྱི་ཐཱ་ཉིང་པཱ་ཨར་གླིང་ཚོམས་རྫོང་གི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་ཞེ་བརྒྱད་མཚམས་ཀྱི་མཚོ་ཁོངས་སུ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་སོ་གཅིག་རེད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་མཱ་ལུའུ་ཀུའུ་ཞིང་ཆེན་དང་ཉེ་འཁོར་ས་ཁུལ་དུ་རྒྱ་མཚོ་འཕྱུར་བའི་ཉེན་བྲད་བཏང་ཡོད། 

གཞན་ཡང་ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ས་ཡོམ་བརྡ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་བདུན་དང་གྲངས་ཆུང་དྲུག་ཡིན་པ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་གོ་ལྔ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།