ཐུ་ནི་ཞི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཁྲིམས་འགལ་ལྐོག་འགྲོས་མཁན་སུམ་བརྒྱ་ལྷག་བསྐྱབས། 
2023.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཐུ་ནི་ཞི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་མགྲིན་ཚབ་པས་ཚེས་བརྒྱད་ཉིན་གྱི་དགོང་མོར་བསྟན་དོན། ཐུ་ནི་ཞི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཉེན་ཁའི་གནས་སུ་ལྷུང་བའི་ཁྲིམས་འགལ་ལྐོག་འགྲོས་མཁན་སུམ་བརྒྱ་དང་ལྔ་བསྐྱབས་ཡོད་ཟེར། 

མགྲིན་ཚབ་པ་དེས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཡོང་བའི་ཁྲིམས་འགལ་ལྐོག་འགྲོས་མཁན་སྐོར་ཁག་མང་བོ་གྲུ་གཟིངས་ལ་བསྡད་དེ་དབྱི་ཐཱ་ལེ་རུ་འགྲོ་རྩིས་ཡོད་པ་དང་། ཐུ་ནི་ཞི་ཡཱའི་མཚོ་འགྲམ་ས་ཁུལ་དུ་གྲུ་གཟིངས་རྒྱ་མཚོར་ནུབ་པ་རེད། ཐུ་ནི་ཞི་ཡཱའི་ཉེན་སྲུང་རུ་ཁག་གིས་ཆུར་ལྷུང་བའི་མི་རྣམས་བསྐྱབས་པ་རེད་ཟེར། ཁོས་བསྟན་དོན། ཐུ་ནི་ཞི་ཡཱའི་འབྲེལ་ཡོད་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་ལྐོག་འགྲོས་དོན་རྐྱེན་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར། 

ཟླ་འདིའི་ཚེས་དྲུག་ཉིན། ཁྲིམས་འགལ་ལྐོག་འགྲོས་མཁན་གང་དྲུད་པའི་གྲུ་གཟིངས་ཤིག་ཐུ་ནི་ཞི་ཡཱའི་མཚོ་ཁོངས་སུ་རྒྱ་མཚོར་ནུབ་ནས། གྲུ་གཟིངས་སྟེང་གི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་གར་སོང་རྙེད་མེད་ཟེར། 

ཐུ་ནི་ཞི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་སའི་བྱང་སྣེ་རུ་གནས་པ་དང་། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་བར་ས་དཀྱིལ་མཚོ་ཁོངས་ཀྱིས་སྦྲེལ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུ་ནི་ཞི་ཡཱ་ནས་དབྱི་ཐཱ་ལེ་རུ་ལྐོག་འགྲོ་བྱེད་པའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།