ཞི་ལཱའི་མཁས་པས་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་ཞི་ལཱ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 
2023.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཞི་ལཱའི་པུས་ལོས་ཨེ་ཧྥུའུ་སི་སློབ་ཆེན་གྱི་འཐབ་ཇུས་རིག་པའི་དགེ་རྒན་ཆེན་མོ་ཕུའུ་ལཱ་ཏིས་ཡཱ་སི་ཡིས་ཉེ་སྔོན་ཡཱ་ཏེན་ནས་ཞིན་ཧྭ་གསར་འགྱུར་ཁང་གི་ཡིག་ཐོག་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་འགྲོ་འོང་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་ནི་ཞི་ལཱ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ཆེས་བཟང་བོ་ཞིག་ཡིན་ཟེར། 

ཕུའུ་ལཱ་ཏིས་ཡཱ་སི་ཡིས་བསྟན་དོན། ཞི་ལཱའི་མི་རྣམས་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོ་དང་ཀྲུང་གོའི་རིག་གནས་ལ་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད། ཉིས་སྟོང་བཅུ་དགུ་ལོར་ཆིན་ཧྭ་སློབ་ཆེན་དུ་རིགས་གཞུང་བཅར་འདྲི་བྱས་མྱོང་བའི་ཕུའུ་ལཱ་ཏིས་ཡཱ་སི་ཡིས་ཕྱིར་དྲན་གྱི་ཚུལ་དུ་བཤད་རྒྱུར། ཆིན་ཧྭ་སློབ་ཆེན་གྱི་སློབ་མ་དག་གནའ་བོའི་ཞི་ལཱའི་ལོ་རྒྱུས་དང་དཔལ་ཡོན་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དང་། ཁོ་ཚོས་ཞི་ལཱའི་དཔལ་ཡོན་ལ་ལྷག་ཏུ་བརྩི་མཐོང་དང་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར། 

སློབ་གསོའི་བརྗེ་རེས་ཐད་ནས་ཕུའུ་ལཱ་ཏིས་ཡཱ་སི་ཡིས་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་སྦྱངས་འབྲས་བྱ་དགའི་རྣམ་གྲངས་སྔར་ལས་མང་བོ་བཀོད་སྒྲིག་བྱེད་དགོས་པ་དང་། ཞོར་དུ་ཞི་ལཱ་དང་ཀྲུང་གོའི་དཔལ་ཡོན་ཆེན་མོ་གཉིས་ཀྱི་གནའ་སྲོལ་རིག་པའི་ཞིབ་འཇུག་དང་རྒྱལ་སྐྱོང་འཐབ་ཇུས་ཐད་ཀྱི་ལོ་རྒྱུས་ལ་དམིགས་ཏེ། གནའ་སྲོལ་རིག་པ་དང་འཐབ་ཇུས་ཞིབ་འཇུག་གི་མཉམ་འབྲེལ་བསླབ་གནས་གསར་གཏོད་བྱས་ཏེ་འཇོན་མིའི་བརྗེ་རེས་ཐད་སྟེགས་བུ་བཟང་བོ་ཞིག་འདོན་སྤྲོད་བྱེད་དགོས་པར་འདོད། 

ཞི་ལཱའི་སྐད་ཀྱི་སུང་ཙིའི་དམག་ཐབས་ཀྱི་ལོ་ཙཱ་བྱེད་མཁན་ཡིན་པའི་ཆ་ནས། ཕུའུ་ལཱ་ཏིས་ཡཱ་སི་ཡིས་ད་རུང་ཀྲུང་གོ་དང་ཞི་ལཱའི་གནའ་སྲོལ་འཐབ་ཇུས་ཡིག་ཆའི་ཞིབ་བསྡུར་རིག་པའི་ཞིབ་འཇུག་ལ་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན། 


བསོད་ནམས་ཚེ་རིང་གིས་བསྒྱུར།