ནེ་ཀྲི་རི་ཡཱའི་དཔོན་རིགས་ཀྱིས་ཚེས་བརྒྱད་ཉིན་བདེན་དཔང་བྱས་དོན། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་བདུན་ཉིན་གྱི་དགོང་མོར་ནེ་ཀྲི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཨེ་ཏའོ་མངའ་སྡེའི་མེ་འཁོར་ས་ཚིགས་ཤིག་ནས། མེ་འཁོར་ལ་སྒུག་བཞིན་པའི་འགྲུལ་བ་སོ་གཉིས་བཙན་ཁྲིད་བྱས་ཟེར།
ཨེ་ཏའོ་མངའ་སྡེའི་སྲིད་གཞུང་གི་མགྲིན་ཚབ་པས་ཚེས་བརྒྱད་ཉིན་ཨེ་ཏའོ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་པེ་ཉིང་མཁར་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མེ་མདའ་བཟུང་བའི་དྲག་ཆས་ཉེས་ཅན་སྐོར་ཞིག་ཚེས་བདུན་ཉིན་གྱི་དགོང་མོར་མངའ་སྡེ་དེའི་དབྱི་ཀོས་པིན་ས་ཁུལ་གྱི་མེ་འཁོར་ས་ཚིགས་ཤིག་ཏུ་ཡོང་ནས་མེ་འཁོར་ལ་སྒུག་བཞིན་པའི་འགྲུལ་བ་བཙན་ཁྲིད་བྱས། དེའི་ནང་འགྲུལ་བ་གཅིག་བྲོས་ནས་ཐར་བ་རེད། ཉེན་རྟོག་ཕྱོགས་ཀྱིས་རྗེས་འདེད་བྱེད་སྐབས་དྲག་ཆས་ཉེས་ཅན་གཅིག་འཛིན་བཟུང་བྱས་པ་དང་། བཙན་ཁྲིད་བྱས་པའི་མི་རྣམས་སྐྱོབ་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།
ནེ་ཀྲི་རི་ཡཱའི་ལྕགས་ལམ་དོ་དམ་སྡེ་ཁག་གིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། བདེ་འཇགས་ལ་བསམ་བློ་བཏང་སྟེ་གནས་སྐབས་སུ་འཇབ་རྒོལ་ཐེབས་སའི་མེ་འཁོར་ས་ཚིགས་དེའི་སྒོ་བརྒྱབ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།