ཀྲུང་གོའི་དཔོན་རིགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་ཕཱ་ཁི་སི་ཐན་གྱི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 
2023.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཕཱ་ཁི་སི་ཐན་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་དགུ་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཕཱ་ཁི་སི་ཐན་གྱི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་དང་ནམ་ཟླའི་འགྱུར་ལྡོག་གི་རྒྱལ་སྤྱིའི་གྲོས་ཚོགས་བསྡུས། ཀྲུང་གོ་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་མགོ་བ་ལོ་ཀྲའོ་ཧོས་གྲོས་ཚོགས་ལ་ཞུགས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་ཕཱ་ཁི་སི་ཐན་གྱིས་བསྐྱར་འཛུགས་དང་སླར་གསོ། བབ་བསྟུན་བཅས་ཀྱི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་སྒྲོམ་གཞིའི་དམིགས་འབེན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་དང་རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་ཀྱི་འཐུས་མི་ཞེ་བཞི་ཚེས་དགུ་ཉིན་གྱི་གྲོས་ཚོགས་ལ་ཞུགས་ནས། ཕཱ་ཁི་སི་ཐན་གྱི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཐད་མེ་སྒོར་ཐེར་འབུམ་དགུའི་ཞལ་འདེབས་ཕུལ། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་གྲོས་ཚོགས་ལ་ཞུགས། 

ཀུའུ་ཐི་ལོས་སི་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ཁི་སི་ཐན་ནི་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་གནོད་ཐེབས་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན་ཞིང་། ཚེས་དགུ་ཉིན་གྱི་གྲོས་ཚོགས་ནི་ཕཱ་ཁི་སི་ཐན་གྱི་སླར་གསོ་དང་བསྐྱར་འཛུགས་ཀྱི་བརྒྱུད་རིམ་རིང་མོའི་གོམ་པ་དང་པོ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཇེ་དྲོར་འགྲོ་བར་ཚོད་འཛིན་བྱེད་པར་ངག་ཐོག་ནས་ཁས་ལེན་བྱས་པ་ཙམ་གྱིས་མི་འདང་ལ། རྒྱལ་ཁབ་སོ་སོ་དང་ཁྱད་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་དོན་དངོས་འགུལ་སྐྱོད་སྤེལ་དགོས་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།