མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་རྒྱལ་ཁོངས་བརྒལ་བའི་མི་ཆོས་རོགས་སྐྱོར་གྱི་དབང་སྟེར་ཡུན་ཚད་ཇེ་རིང་དུ་གཏོང་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། 
2023.01.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་དགུ་ཉིན་གྲོས་ཆོད་གཉིས་དྲུག་བདུན་གཉིས་ལ་གྲོས་མཐུན་བཀོད་དེ། སི་རི་ཡཱའི་རྒྱལ་ཁོངས་བརྒལ་བའི་མི་ཆོས་རོགས་སྐྱོར་གྱི་དབང་སྟེར་ཡུན་ཚད་དེ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བདུན་པའི་ཚེས་བཅུ་ཉིན་བར་ཡང་བསྐྱར་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་དྲུག་བདུན་གཉིས་ནི་ན་ནིང་ཟླ་བདུན་པར་གྲོས་མཐུན་བཀོད་པའི་གྲོས་ཆོད་གཉིས་དྲུག་བཞི་གཉིས་ཀྱི་རྗེས་མཐུད་ཡིན་པ་རེད། གྲོས་ཆོད་གཉིས་དྲུག་བཞི་གཉིས་ལས་པཱ་པུའུ་ཧེ་ཝའི་རྒྱལ་ཁོངས་བརྒལ་སའི་དབང་སྟེར་ཡུན་ཚད་དེ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོའི་ཚེས་བཅུ་ཉིན་བར་ཟླ་ངོ་དྲུག་གིས་ཇེ་རིང་དུ་བཏང་བ་རེད། དབང་སྟེར་ཡུན་ཚད་དེ་ཡང་བསྐྱར་ཟླ་ངོ་དྲུག་གིས་ཇེ་རིང་དུ་བཏང་ཆོག་པར་གཏན་འཁེལ་བྱས་ཡོད་ཀྱང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡང་བསྐྱར་གྲོས་ཆོད་འགོད་དགོས་པ་རེད། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་བཞི་ལོར་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་ཁུངས་དང་དེའི་ལག་བསྟར་གྲོགས་པོ་དག་གིས་རྒྱལ་མཚམས་བརྒལ་ནས་སི་རི་ཡཱའི་མི་དམངས་ལ་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་དབང་ཆ་བསྩལ་བ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེའི་རྗེས་སུ་ཐེངས་མང་བོར་དབང་ཆ་སྟེར་བའི་ཡུན་ཚད་ཇེ་རིང་དུ་བཏང་བ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།