བྷང་ག་ལཱའི་ཙུང་ཐུང་ཧཱ་མུས་ཏི་ཡིས་ཚེས་དགུ་ཉིན་རྒྱལ་ས་ཏཱ་ཁཱ་ནས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་མང་བོ་དང་ཕྱོགས་སོ་སོའི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཧཱ་མུས་ཏི་ཡིས་ཉིན་དེར་བྷང་ག་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡའོ་ཝུན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཧཱ་མུས་ཏི་ཡིས་བཤད་རྒྱུར། བྷང་ག་ལཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འགྲོ་འོང་གི་ལོ་རྒྱུས་རིང་བོ་ལྡན་པ་དང་། ཀྲུང་གོ་ནི་བྷང་ག་ལཱའི་འཕེལ་རྒྱས་གྲོགས་པོ་གལ་ཆེན་ཡིན་ལ། བྷང་ག་ལཱའི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་རོགས་སྐྱོར་ཆེན་པོ་བྱས་ཡོད། བྷང་ག་ལཱ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།
ཡའོ་ཝུན་གྱིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལཱ་ནི་སྲོལ་རྒྱུན་མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་བྷང་ག་ལཱའི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། སྤུས་ཚད་མཐོ་བའི་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཕན་བདེ་བསྐྲུན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།