མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པེན་གྱིས་ཚེས་བཅུ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེ་ས་ཁུལ་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་གི་བྱ་བར་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་དེའི་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཏའེ་པེན་གྱིས་བཤད་རྒྱུར། ཉེ་བའི་དུས་ཚོད་ངེས་ཅན་ཞིག་གི་ནང་། ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེ་རྒྱལ་ཁབ་ཀྱིས་རྙོག་འཛིང་ཛ་དྲག་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་མདུན་ནས། ཐུན་མོང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སླར་གསོ་བྱེད་པ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཐད་ནས་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ས་ཁུལ་དེའི་རྒྱལ་ཁབ་དག་གི་དཀའ་ཁག་དང་འགྲན་རྩོད། དོན་དངོས་དགོས་མཁོ་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཤུགས་ཆེན་པོས་རྩ་བའི་རིང་བཞིན་གྱི་གནད་དོན་ཐག་གཅོད་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་དམིགས་སའི་རང་བཞིན་ལྡན་པའི་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱེད་དགོས་ཟེར། སྔར་ལས་ཤུགས་དང་ལྡན་པའི་སྒོ་ནས་ས་ཁོངས་ཀྱི་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས་ཐུན་མོང་བདེ་འཇགས་ཀྱི་འགོག་སྒྲིབ་སྲ་བརྟན་དུ་གཏོང་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་གྲོས་མོལ་ལ་རྒྱབ་སྐྱོར་བྱས་ནས་ཞི་བདེ་དང་གཏན་འཇགས་ཀྱི་ཆེ་ཕྱོགས་ལ་སྲུང་སྐྱོབ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་བཅོས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ་ཡུན་རིང་བདེ་འཇགས་ཀྱི་ཆེད་དུ་རྨང་གཞི་བརྟན་པོ་འདིང་དགོས་ཟེར།
ཏའེ་པེན་གྱིས་བཤད་རྒྱུར། ཀྲུང་གོ་ནི་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་བོ་ཡིན་པའི་ཆ་ནས། དུས་ནམ་ཡིན་ཡང་ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེ་རྒྱལ་ཁབ་དག་དང་མཉམ་དུ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གི་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ནས། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། མཐུན་སྒྲིལ། དར་རྒྱས་བཅས་ཀྱི་ཆེད་དུ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།