ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། པེ་ཉིང་རྒྱལ་ཡོངས་འདེམ་བསྐོ་རང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལཱ་ཧྥེ་ཡཱ་ཡིས་ཁི་ཐའོ་ནོའུ་ནས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཐོག་མའི་མཇུག་འབྲས་ཁྱབ་བསྒྲགས་བྱས།
པེ་ཉིང་རྒྱལ་ཡོངས་འདེམ་བསྐོ་རང་སྐྱོང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་གཅིག་ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཐོག་མའི་མཇུག་འབྲས་ཁྱབ་བསྒྲགས་བྱས། ཙུང་ཐུང་ཐཱ་ལུང་ལ་རྒྱབ་སྐྱོར་བྱེད་པའི་བསྐྱར་དར་གོང་འཕེལ་མནའ་འབྲེལ་དང་སྤྱི་མཐུན་སྒར་སར་རྒྱལ་དམངས་གྲོས་ཁང་གི་ལས་གནས་མང་ཆེ་བ་ཐོབ།
ཁྱབ་བསྒྲགས་བྱས་པའི་འདེམ་བསྐོའི་མཇུག་འབྲས་ལྟར་ན། བསྐྱར་དར་གོང་འཕེལ་མནའ་འབྲེལ་དང་སྤྱི་མཐུན་སྒར་ས་ལ་སོ་སོར་ལས་གནས་ང་གསུམ་དང་ཉེར་བརྒྱད་ཐོབ། ངོ་རྒོལ་ཏང་དམངས་གཙོ་ཏང་ལ་ལས་གནས་ཉེར་བརྒྱད་ཐོབ། འདེམ་བསྐོའི་འདེམ་ཤོག་འཕེན་ཚད་བརྒྱ་ཆའི་སོ་བརྒྱད་དང་གྲངས་ཆུང་དྲུག་དྲུག་རེད།
སྐབས་འདིའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཚེས་བརྒྱད་ཉིན་སྤེལ་བ་དང་། སྲིད་ཏང་བདུན་ནས་ཡོང་བའི་འདེམ་སྒུག་མི་སྣ་སྟོང་གཅིག་དང་ལྔ་བརྒྱ་ལྷག་གིས་རྒྱལ་དམངས་གྲོས་ཁང་གི་ལས་གནས་བརྒྱ་དང་དགུར་འགྲན་རྩོད་བྱས།
པེ་ཉིང་གི་འདེམ་བསྐོའི་བཅའ་ཁྲིམས་ལྟར་ན། རྒྱལ་དམངས་གྲོས་ཁང་གི་གྲོས་མི་ནི་འདེམ་ཁུལ་ཉེར་བཞིའི་ནང་གི་བསྡུར་ཚད་འཐུས་མིའི་ལམ་ལུགས་ལྟར་བདམས་ཐོན་བྱེད་པ་ཡིན་ལ། འགན་ཡུན་ལོ་ངོ་གསུམ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།