པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ཟླ་གསུམ་པའི་ཟླ་མཇུག་ཏུ་ཡུལ་དངོས་ནས་སྤེལ་རྒྱུ་རེད། 
2023.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོ་ལིས་པའོ་ཏུང་གིས་ཚེས་བཅུ་གཅིག་ཉིན་བསྟན་དོན། པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ཟླ་གསུམ་པའི་ཟླ་མཇུག་ཏུ་ཧེ་ནན་པའོ་ཨོ་ཡུལ་དངོས་ནས་སྤེལ་རྒྱུ་ཡིན་ཟེར། 

པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཉིན་དེར་པེ་ཅིང་ནས་ཚོགས་པ་དང་། ལིས་པའོ་ཏུང་གིས་ཚོགས་ཐོག་ནས་མཚམས་སྦྱོར་བྱས་དོན། གླེང་སྟེགས་ཀྱིས་ཟླ་གསུམ་པའི་ཟླ་མཇུག་ཏུ་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་སྤེལ་ནས། མགྲོན་བདག་རྒྱལ་ཁབ་ཀྲུང་གོ་དང་བཅས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་སྲིད་གཞུང་གི་དཔོན་རིགས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ། ཁེ་ལས་ཀྱི་འཐུས་མི། ཆེད་མཁས་པ། སྨྱན་བྱད་མི་སྣ་བཅས་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་ཏེ། རིམས་ནད་རྗེས་ཀྱི་ཨེ་ཤ་ཡཱ་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཇུས་གཞི་ཆེན་མོར་མཉམ་དུ་གྲོས་བསྡུར་བྱེད་པར་བསམ་བློ་གཏོང་བཞིན་ཡོད། ལོ་ཚོགས་ཀྱི་བྱེ་བྲག་གི་དུས་ཚོད་དེ་གཏན་འཁེལ་བྱས་རྗེས་སྔ་མོ་ནས་ཁྱབ་སྒྲོག་བྱེད་ངེས་ཡིན་ཟེར། དེ་ལས་གཞན་རིམས་འགོག་བྱ་བ་བཟང་བོར་བསྒྲུབས་པའི་ཞོར་དུ་ལོ་ཚོགས་དེ་ཡུལ་དངོས་ནས་སྤེལ་རྒྱུ་ཡིན་ཟེར།

གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་སུ་འཕེལ་རྒྱས་དང་ཀུན་ཕན་དང་། བཅོས་སྐྱོང་དང་བདེ་འཇགས། ས་ཁོངས་དང་འཛམ་གླིང་ཡོངས། མིག་སྔར་དང་མ་འོངས་པ་བཅས་གྲོས་གཞི་ཆེན་མོ་བཞི་བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་སོ་སོས་ལུགས་མཐུན་གྱིས་རང་སྟེང་གི་ཁེ་ཕན་དང་ཐུན་མོང་ཁེ་ཕན། དུས་ཡུན་ཐུང་ངུའི་ཁེ་ཕན། རྒྱང་རིང་གི་ཁེ་ཕན་བཅས་ཀྱི་འབྲེལ་བར་གྲོས་བསྡུར་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་ཐུན་མོང་ལྟ་ཚུལ་གཅིག་འདྲིལ་བྱེད་པའི་ཆེད་ཡིན་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།