སེར་ཝེ་ཡཱའི་ཙུང་ཐུང་གིས་ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་བྱས་པའི་ལས་གཞིར་གདེང་འཇོག་ཆེན་པོ་བྱས་པ་དང་སྔར་ལས་མང་བའི་མཉམ་ལས་ལ་རེ་སྒུག་བྱེད་པའི་ཚུལ་བསྟན། 
2023.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཚེས་བཅུ་གཅིག་ཉིན་རྒྱལ་ས་པེ་ཨར་ཀི་ལའེ་ཏི་ནས་ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་བྱས་པའི་པེ་ཨར་ཀི་ལེ་གསར་བ་ནས་སུའུ་ཨར་ཆན་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིར་གདེང་འཇོག་ཆེན་པོ་བྱས་པ་དང་། རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞིའི་འཛུགས་སྐྲུན་ལས་སེར་ཝེ་ཡཱའི་རྣམ་པ་གསར་བསྒྱུར་བྱེད་བཞིན་ཡོད་ཟེར། 

ཝུའུ་ཆི་ཆི་ཡིས་ཉིན་དེར་སེར་ཝེ་ཡཱའི་འཛུགས་སྐྲུན་དང་འགྲིམ་འགྲུལ། རྨང་གཞིའི་སྒྲིག་ཆས་པུའུ་ཀྲང་ཝེ་ཞི་ཆི་དང་། སེར་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་པའོ་གཉིས་དང་མཉམ་དུ་པེ་ཨར་ཀི་ལེ་གསར་བ་ནས་སུའུ་ཨར་ཆན་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིའི་འཛུགས་ལས་ཡུལ་དུ་རྟོག་ཞིབ་བྱས། 

ཝུའུ་ཆི་ཆི་ཡིས་རྟོག་ཞིབ་བྱེད་སའི་ཡུལ་དངོས་ནས་བཤད་རྒྱུར། པེ་ཨར་ཀི་ལེ་གསར་བ་ནས་སུའུ་ཨར་ཆན་བར་གྱི་མྱུར་བགྲོད་གཞུང་ལམ་ནི་པེ་ཨར་ཀི་ལའེ་ཏི་དང་མུས་ལོ་ཧྲི་ཏཱ་ཀུང་གི་མྱུར་བགྲོད་གཞུང་ལམ་གཅིག་ཏུ་སྦྲེལ་བའི་འགྲིམ་འགྲུལ་གཞུང་ལམ་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་ཀྱི་འགྲུལ་བཞུད་ལ་སྟབས་བདེ་བཟོ་བ་དང་དཀྱིལ་སྙིང་གྲོང་ཁྱེར་གྱི་འགྲིམ་འགྲུལ་གནོན་ཤུགས་ཞི་འཇགས་སུ་གཏོང་བ། པེ་ཨར་ཀི་ལའེ་ཏིའི་མཁའ་དབུགས་སྤུས་ཚད་ལེགས་བཅོས་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཟེར། 

ཝུའུ་ཆི་ཆི་ཡིས་སེར་ཝེ་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འཛུགས་སྐྲུན་མཁན་གྱིས་འབད་བརྩོན་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མྱུར་བགྲོད་གཞུང་ལམ་སོགས་རྨང་གཞིའི་སྒྲིག་ཆས་ལས་གཞིའི་འཛུགས་སྐྲུན་གྱིས་སེར་ཝེ་ཡཱའི་རྣམ་པ་གསར་བསྒྱུར་བྱས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་ལ་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ལོ་གསར་བའི་ནང་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་པར་རེ་སྒུག་བྱས་ཡོད་ཟེར། 

ཁྲིན་པའོ་ཡིས་བསྟན་དོན། ལོ་གསར་བའི་ནང་། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ནི་སྔར་བཞིན་ཀྲུང་གོ་དང་སེར་ཝེ་ཡཱའི་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོ་ཡིན། ཀྲུང་གོའི་ཁེ་ལས་དག་སེར་ཝེ་ཡཱའི་ཚོང་རར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་གཞན་པར་ཡང་སྔར་ལས་མང་བའི་མཉམ་ལས་གོ་སྐབས་འབྱུང་སྲིད་པར་ཡིད་ཆེས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།