འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཡོ་རོབ་གླིང་ས་ཁོངས་དོན་གཅོད་ཁང་གི་ཀྲུའུ་རིན་ཁི་ལུའུ་ཀི་ཡིས་ཚེས་བཅུ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོས་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱེད་པའི་བྱེད་ཐབས་གཏན་འབེབས་བྱེད་པར་ཚན་རིག་གཞིར་འཛིན་དགོས་པར་མ་ཟད། འོས་འཚམ་དང་མཐོང་ཆུང་མ་ཡིན་པའི་རྩ་དོན་བརྩི་སྲུང་བྱེད་དགོས་ཟེར།
ཁི་ལུའུ་ཀི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་རྒྱལ་ཁབ་རེ་འགས་ཀྲུང་གོ་ནས་ཡོང་བའི་གནས་སྐོར་བར་བཀག་སྡོམ་བྱེད་ཐབས་སྤྱད་པའི་སྐོར་གྱི་གནད་དོན་ལ་ལན་འདེབས་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད།
ཁི་ལུའུ་ཀི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་རེ་འགས་ཀྲུང་གོ་ནས་ཡོང་བའི་གནས་སྐོར་བར་བཀག་སྡོམ་བྱེད་ཐབས་སྤྱོད་བཞིན་ཡོད་པ་ཤེས་ཡོད་ཀྱང་། ཚན་རིག་གི་ཕྱོགས་ནས་བལྟས་ན། ད་ཡོད་ཀྱི་གནས་ཚུལ་ལྟར་ན་ཀྲུང་གོའི་མིག་སྔའི་རིམས་ནད་ཀྱིས་ཡོ་རོབ་གླིང་ས་ཁུལ་གྱི་རིམས་ནད་ལ་ཤུགས་རྐྱེན་ཆེན་པོ་འབྱུང་མི་སྲིད། རྒྱུ་མཚན་ནི་མིག་སྔར་ཀྲུང་གོར་མཆེད་བཞིན་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་ནི་གཤིས་འགྱུར་དུག་རྐང་ཡིན་ལ། ཡོ་རོབ་གླིང་དང་ས་ཁུལ་གཞན་པར་སྔོན་ནས་མཆེད་ཡོད་པས་ཡིན་ཟེར།
ཁི་ལུའུ་ཀི་ཡིས་མུ་མཐུད་དུ་ཚན་རིག་ལྟར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་དང་དེའི་གཤིས་འགྱུར་གནས་ཚུལ་ལ་ལྟ་ཞིབ་ཚད་འཇལ་དང་རྗེས་འདེད་བྱེད་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས། ཁོས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་འཕྲོད་བསྟེན་སྡེ་ཁག་གིས་འགན་འཁྲི་སྔར་ལས་མང་བོ་ཁུར་དུ་ལེན་དགོས་པའི་འབོད་སྐུལ་བཏང་། དེའི་ནང་སྤྱིར་བཏང་གི་མི་ཚོགས་ཀྱི་འགོག་སྨན་བརྒྱབ་ཚད་མཐོར་འདེགས་བྱེད་པ་དང་། མི་ཚོགས་གཙོ་བོར་ཁ་སྣོན་འགོག་སྨན་འདོན་སྤྲོད་བྱེད་དགོས་ལ། ཁང་བའི་ནང་དང་སྤྱི་སྤྱོད་རླངས་འཁོར་ལ་སྡོད་སྐབས་ཁ་ཐུམ་བརྒྱག་པ་དང་། འཚང་ཁ་ཆེ་བའི་ཚོགས་རར་རླུང་རྒྱུ་རུ་འཇུག་པ་སོགས་འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།