ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་མའོ་ཞི་ཁོའི་ཙུང་ཐུང་ལོ་ཕའེ་སི། ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་བཅས་ཀྱིས་ཚེས་བཅུ་ཉིན་མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་ནས་སྐབས་བཅུ་བའི་མེ་གླིང་བྱང་མའི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྟེང་ཕྱོགས་གསུམ་གྲོས་མོལ་སྤེལ། ལོ་ཕའེ་སི་ཡིས་གྲོས་མོལ་གྲོལ་རྗེས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། བཙན་དབང་རིང་ལུགས་ཀྱི་ཐེ་གཏོགས་བྱ་སྤྱོད་བསྐྱུར་དགོས་པའི་འབོད་སྐུལ་བཏང་།
རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་གྲོས་བསྡུར་བྱས་པའི་ནང་དོན་རེ་འགའ་མཚམས་སྦྱོར་བྱས། དེའི་ནང་མེ་གླིང་སྐམ་སའི་དཔལ་འབྱོར་གཞི་གཅིག་ཅན་དང་། ཐོན་ཁུངས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་རོགས་ལས། ནམ་ཟླའི་འགྱུར་ལྡོག་དང་གནས་སྤོར་སྡོད་དམངས་གནད་དོན་གྱི་ཐག་གཅོད། མི་གྲངས་ལྐོག་འདྲེན་དང་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བ་སོགས་འདུས། པེད་ཏིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་མུ་མཐུད་དུ་གནས་སྤོར་སྡོད་དམངས་གནད་དོན་ཐད་མ་དངུལ་བཏང་སྟེ། མའོ་ཞི་ཁོའི་བར་མཉམ་ལས་བྱས་ནས་ལཱ་ཏེན་མེ་གླིང་ས་ཁུལ་གྱི་གནས་སྤོར་སྡོད་དམངས་ཀྱི་བཞུར་རྒྱུན་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར། ཐི་ལུའུ་ཏའོ་ཡིས་བསྟན་དོན། རྒྱལ་ཁབ་གསུམ་གྱིས་ནུས་ཁུངས་གསར་བའི་རླངས་འཁོར་དང་དག་གཙང་ནུས་ཁུངས། རྒྱ་མཚོའི་སྲུང་སྐྱོབ་སོགས་ཐད་ནས་མཉམ་དུ་འབད་བརྩོན་བྱས་ཏེ་ཁོར་སྲུང་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར། ལོ་ཕའེ་སི་ཡིས་བཙན་དབང་རིང་ལུགས་ཀྱི་ཐེ་གཏོགས་བྱ་སྤྱོད་བསྐྱུར་དགོས་པའི་འབོད་སྐུལ་བཏང་།
སྔ་ཉིན་ཨ་མེ་རི་ཁ་དང་མའོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཕྱོགས་གཉིས་ཀྱི་གྲོས་མོལ་སྤེལ་བ་རེད། ལོ་ཕའེ་སི་ཡིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་སྲིད་གཞུང་གིས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་དག་ལ་སྣང་ཆུང་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། མེ་གླིང་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་རོགས་རམ་བྱེད་པའི་རྣམ་པ་གསར་བ་འཛུགས་དགོས་པའི་རེ་བ་བཏོན།
སྐབས་བཅུ་བའི་མེ་གླིང་བྱང་མའི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་དེ་ཚེས་དགུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་མའོ་ཞི་ཁོ་ནས་བསྡུས། ཐི་ལུའུ་ཏའོ་ཡིས་ཚེས་བཅུ་ཉིན་ཁྱབ་བསྒྲགས་བྱས་དོན། སྐབས་རྗེས་མའི་མཐོ་རིམ་གྲོས་ཚོགས་དེ་ཁཱ་ནཱ་ཏཱ་ཡིས་གཙོ་སྒྲུབ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།