ཨུ་རུ་སི་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་སྤྱིའི་བཀོད་འདོམ་པ་བརྗེ་སྤོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། 
2023.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 61

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཧྲའོ་དབྱེ་ཀུའུ་ཡིས་ཚེས་བཅུ་གཅིག་ཉིན་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་ས་ཁོངས་མཉམ་འབྲེལ་དམག་དཔུང་གི་སྤྱིའི་བཀོད་འདོམ་པ་བརྗེ་སྤོར་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་དང་། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱིའི་ཇུས་འདོན་དཔོན་ཀི་ལཱ་ཞི་མའོ་ཧྥུའུ་ལ་ལས་འགན་ཁུར་དུ་བཅུག ཉིན་དེར་ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་ཅུའུ་དང་ཝུའུ་ཁི་ལན་གྱི་རྒྱལ་ཁབ་ཉེན་རྟོག་ཅུའུ། དམག་དོན་ཁྲིམས་འཛིན་སྡེ་ཁག་བཅས་ཀྱི་རྒྱལ་ས་ཅི་ཧྥུའུ་ནས་མཉམ་འབྲེལ་གྱི་གསང་འཕྲིན་ལ་རྒོལ་བའི་འགུལ་སྐྱོད་སྤེལ་བ་རེད། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་དོ་དམ་རིམ་པ་མཐོར་འདེགས་གཏོང་བ་དེ་འགུལ་སྐྱོད་སྤེལ་སྐབས་ཐག་གཅོད་བྱེད་དགོས་པའི་ལས་འགན་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། དམག་དཔུང་མི་འདྲ་བའི་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ། རྣམ་པ་མི་འདྲ་བའི་འགན་སྲུང་སྤུས་ཚད་དང་དམག་དཔུང་སྒྲིག་ལུགས་ཀྱི་དོ་དམ་ཕན་ནུས་ཇེ་མཐོར་གཏོང་བ་བཅས་ལ་འབྲེལ་བ་ཡོད་ཟེར། སྔོན་ཆད་ཀྱི་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་ས་ཁོངས་མཉམ་འབྲེལ་དམག་དཔུང་གི་སྤྱིའི་བཀོད་འདོམ་པ། ཨུ་རུ་སིའི་མཁའ་དམག་གི་སྤྱི་ཁྱབ་སི་ལིན་སུའུ་ལོ་ཝེ་ཅིན། ཨུ་རུ་སིའི་སྐམ་དམག་གི་སྤྱི་ཁྱབ་སི་ལིན་སཱ་ལིའུ་ཁི་ཧྥུའུ། དེ་མིན་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་ཇུས་འདོན་དཔོན་གཞོན་པ་ཅི་མུའུ་བཅས་ཀྱིས་དམིགས་བསལ་དམག་དོན་འགུལ་སྐྱོད་ས་ཁོངས་མཉམ་འབྲེལ་པུའུ་ཡི་བཀོད་འདོམ་པ་གཞོན་པའི་འགན་ཁུར། 

ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་སྔ་དྲོར་ཅི་ཧྥུའུ་རུ་མཉམ་འབྲེལ་གསང་འཕྲིན་ལ་རྒོལ་བའི་འགུལ་སྐྱོད་ལག་བསྟར་བྱེད་སྐབས། གཙོ་བོ་ཝུའུ་ཁི་ལན་གྱི་སྲིད་འཛིན་ལས་ཁུངས་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བྱ་བའི་ས་ཁུལ་དང་ཉེ་འཁོར་ས་ཁོངས་ལ་ཞིབ་བཤེར་བྱས་པ་ཡིན། དམིགས་ཡུལ་ནི་རྒྱལ་ཁབ་ལས་ཁུངས་གལ་ཆེན་དང་འབྲེལ་ཡོད་མི་སྣའི་བདེ་སྲུང་ལ་ཤུགས་སྣོན་བྱེད་ཆེད་ཡིན་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཅིག་ཉིན་ལོ་གསར་བའི་སྲིད་གཞུང་གི་བྱ་བའི་བརྙན་རིས་གྲོས་ཚོགས་ཐོག་མར་མགོ་འཛིན་བྱེད་སྐབས་ཁྱབ་བསྒྲགས་བྱས་དོན། ཨུ་རུ་སི་ཡིས་རྒྱལ་སྲུང་ནུས་པ་མཐོར་འདེགས་བྱས་ཏེ་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་འཐབ་འཁྲུག་ལ་ཞུགས་པའི་དམག་དཔུང་ལ་འགན་སྲུང་བྱེད་པའི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་རྒྱུའི་འཆར་གཞི་ཡོད་ཟེར། ཁོས་བསྟན་དོན། ཕྱི་ཕྱོགས་ཀྱི་གནོན་ཤུགས་གང་ལ་འཕྲད་ཀྱང་ཨུ་རུ་སི་ཡིས་ཉེ་བའི་དུས་སྐབས་ནང་རང་བདག་འཕེལ་རྒྱས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་དགོས་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཁི་ཡིས་ཚེས་བཅུ་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་བྱ་བའི་ཚན་ཆུང་བཙུགས་ནས་སྔར་ལས་ལྷག་པའི་སྒོ་ནས་འགྲིམ་འགྲུལ་དང་ནུས་ཁུངས། གྲངས་ལྡན། བར་སྣང་སོགས་ཁྱབ་ཁོངས་ཀྱི་གནད་འགག་གི་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱས་ཏེ། པེ་ཞེ་རང་བྱུང་སོལ་རླངས་སྦུག་ལམ་ལ་འཇབ་རྒོལ་ཐེབས་པ་སོགས་ཀྱི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། 

ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཕོ་ལན་གྱིས་ཝུའུ་ཁི་ལན་ལ་འཇར་མན་གྱིས་བཟོས་པའི་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཐོག་དང་པོར་ཝུའུ་ཁི་ལན་ལ་དཔུང་འཇུག་རྣམ་པ་ཅན་གྱི་མཚོན་ཆ་འདོན་སྤྲོད་བྱས་པ་རེད། 

ཨེ་སོ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་རྒྱལ་ཁབ་དེར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོར་བརྡ་བཏང་སྟེ། ཨེ་སོ་ནི་ཡཱའི་སྲིད་གཞུང་གིས་ཟླ་གཉིས་པའི་ཚེས་གཅིག་ཉིན་གྱི་སྔོན་ལ་ཨེ་སོ་ནི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་མི་སྣ་ཕྱེད་ཀ་ཇེ་ཉུང་དུ་གཏོང་རྒྱུ་ཐག་བཅད་ཡོད་ཟེར། ཨེ་སོ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡི་གསར་འགྱུར་ཅུའུ་ཡིས་བསྟན་དོན། བྱ་སྤྱོད་དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་བྱ་བའི་མི་སྣའི་ཁ་གྲངས་གཅིག་འདྲ་ཡོང་བར་ཁག་ཐེག་བྱེད་ཆེད་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།