མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཁྲིམས་སྐྱོང་འཛུགས་སྐྲུན་དང་དེར་སྲུང་སྐྱོབ་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་པའི་འབོད་སྐུལ་བཏང་། 
2023.01.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་སྐྱོང་གནད་དོན་སྐོར་གྱི་ཡོངས་བསྒྲགས་བགྲོ་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཉིས་ཉིན་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལས་མངོན་པའི་རེ་འདུན་དང་རིན་ཐང་ལྟ་བ་བརྩི་སྲུང་བྱེད་དགོས་པ་དང་། ཁྲིམས་སྐྱོང་ལ་སྲུང་སྐྱོབ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་དེ་སྔར་ལས་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་སྐྱོར་གནད་དོན་གྱི་ཡོངས་བསྒྲགས་བགྲོ་གླེང་ཚོགས་འདུའི་སྟེང་བསྟན་དོན། ཁྲིམས་སྐྱོང་ནི་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཞི་བདེའི་འགན་འཁྲིའི་རྨང་གཞི་ཡིན། ཁྲིམས་སྐྱོང་ལས་སྟོབས་ཞན་པ་ལ་སྲུང་སྐྱོབ་བྱེད་ཐུབ་པ་དང་། མཐོང་ཆུང་དང་བརྙས་བཅོས། གཞན་ལ་གནོད་པའི་བྱ་སྤྱོད་བཅའ་སྔོན་འགོག་བྱེད་ཐུབ་པར་མ་ཟད། རིགས་རྒྱུད་ཚར་གཅོད་སོགས་ཡ་ང་བའི་ནག་ཉེས་སྔོན་འགོག་བྱེད་པའི་འགོག་སྲུང་ལམ་ཐིག་དང་པོ་ཡིན། དེའི་ཞོར་དུ་ཁྲིམས་སྐྱོང་དེ་ཡང་རྒྱལ་སྤྱིའི་མཉམ་ལས་དང་ཕྱོགས་མང་རིང་ལུགས་ཀྱི་རྨང་གཞིའང་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དེ་རིང་གི་བགྲོ་གླེང་ཚོགས་འདུ་ནས་བརྡ་གསལ་བོ་ཞིག་བཏང་ཡོད་པ་ནི་ཁྲིམས་སྐྱོང་འགན་སྲུང་དེ་ང་ཚོའི་ཐོག་མའི་ལས་འགན་དུ་གྱུར་ཡོད་པ་དེ་རེད། ཁོངས་གཏོགས་རྒྱལ་ཁབ་དང་། ས་ཁོངས་རྩ་འཛུགས། སྤྱི་དམངས་སྤྱི་ཚོགས། དེ་མིན་སྒེར་གཉེར་སྡེ་ཁག་སོ་སོ་བཅས་ཚང་མར་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྲུང་སྐྱོབ་ཐད་སྟོབས་ཤུགས་འབུལ་བའི་འགན་འཁྲི་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འཛམ་གླིང་ཁྲིམས་སྐྱོང་དཀོན་པའི་སྣང་ཚུལ་ལས་བྱུང་བའི་ཉེན་ཁ་ཚབས་ཆེན་ལ་འཕྲད་ཡོད་ལ། ཁྲིམས་སྐྱོང་སྲུང་སྐྱོབ་དེ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ལྷག་ཏུ་གལ་ཆེ་བར་མངོན་ཡོད། ཁོངས་གཏོགས་རྒྱལ་ཁབ་ཚང་མས་ཁྲིམས་སྐྱོང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད་པར་མ་ཟད། ཁྲིམས་སྐྱོང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་དངོས་ཡོད་ལ་སྐུལ་འདེད་གཏོང་བའི་ཐད་བཀོལ་དགོས་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།