པའོ་ལེ་ཝེ་ཡཱའི་ཕྱི་འབྲེལ་བློན་ཆེན་མེད་ཐཱ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་མཐོ་རིམ་དཔོན་རིགས་ཀྱིས་པའོ་ལེ་ཝེ་ཡཱའི་གནས་བབ་ཐད་ནས་སྤེལ་བའི་གཏམ་བཤད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པ་དང་། པའོ་ལེ་ཝེ་ཡཱའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་རེད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡན་ལག་ཁང་སའི་གོ་ལ་ནུབ་མའི་ལས་དོན་གྱི་རྒྱལ་སྲིད་བློན་ཆེན་གྱི་ལས་རོགས་པ་ནེ་ཁཁི་ཨར་སི་ཡིས་ཚེས་བཅུ་གཉིས་ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཁོས་ན་ནིང་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཚུན་ལ་པའོ་ལེ་ཝེ་ཡཱ་རུ་བྱུང་བའི་དྲག་ཤུགས་དོན་རྐྱེན་ལ་དོ་སྣང་བྱེད་བཞིན་ཡོད་ཟེར།
ན་ནིང་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་པའོ་ལེ་ཝེ་ཡཱའི་སྲིད་གཞུང་གིས་ཐོལ་བརྒལ་གྱིས་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་ཏུ་སྐབས་དེའི་པའོ་ལེ་ཝེ་ཡཱའི་ཙུང་ཐུང་མའོ་ལཱ་ལའེ་སི་ཡིས་ལས་འགན་མི་བསྐྱུར་ཐེབས་མེད་བྱུང་བའི་ཆབ་སྲིད་དོན་རྐྱེན་བཟོ་མཁན་གྱི་གཡས་ཕྱོགས་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་ཁཱ་མཱ་ཆའོ་འཛིན་བཟུང་བྱས་པ་དང་། ཁཱ་མཱ་ཆའོ་ཡི་རྒྱབ་སྐྱོར་མཁན་གྱིས་དེའི་རྗེས་སུ་ངོ་རྒོལ་བྱ་འགུལ་སྤེལ་སྐབས་ཉེན་རྟོག་པའི་བར་དྲག་ཤུགས་འཁྲུག་རྩོད་བྱུང་བ་རེད་ཟེར།
ནེ་ཁི་ཨར་སིའི་གཏམ་བཤད་ཐད་ནས་མེད་ཐཱ་ཡིས་བསྟན་དོན། རྒྱལ་ཁབ་སོ་སོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་བརྩི་སྲུང་བྱེད་དགོས་པ་དང་། ནེ་ཁི་ཨར་སི་ཡིས་པའོ་ལེ་ཝེ་ཡཱའི་རྒྱལ་ནང་གི་གནས་བབ་ལ་དོ་སྣང་བྱེད་པའི་གཏམ་བཤད་དེ་འོས་འཚམ་མིན་ཟེར། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོར་རང་རང་གི་ཐུན་མོང་མ་ཡིན་པའི་གནས་ཚུལ་ཡོད་པར་དམིགས་ནས། པའོ་ལེ་ཝེ་ཡཱའི་སྲིད་གཞུང་གིས་ནམ་རྒྱུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཞན་པའི་ནང་སྲིད་ལས་དོན་ལ་དཔྱད་འཇོག་གཏན་ནས་བྱས་མྱོང་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།