གསར་འགོད་པས་ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིན་གསར་འགྱུར་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས་བཅོ་ལྔ་ཉིན་གྱི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཀྲུང་གོ་དང་ལའོ་ཝའོ། འབར་མ། ཐེ་གོ་བཅས་ཀྱི་མེ་ཀུང་ཆུ་བོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་བསྟར་འགུལ་སྐྱོད་ཐེངས་བརྒྱ་དང་ཉེར་ལྔ་བར་ཞུགས་པའི་ཀྲུང་གོའི་ཕྱོགས་ཀྱི་ཁྲིམས་བསྟར་གྲུ་གཟིངས་གཉིས་དལ་གྱིས་ཡུན་ནན་ཞི་ཧྲོང་པན་ནཱ་ཏའེ་རིགས་རང་སྐྱོང་ཁུལ་གྱི་ཅིན་ཧཱ་གྲུ་ཁ་དང་བྲས་ནས། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོ་དང་ལའོ་ཝའོ། འབར་མ། ཐེ་གོ་བཅས་ཀྱི་མེ་ཀུང་ཆུ་བོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་བསྟར་འགུལ་སྐྱོད་དངོས་སུ་སྤེལ་མགོ་བརྩམས།
ཚོད་དཔག་བྱས་ན་ཐེངས་འདིའི་འགུལ་སྐྱོད་ཀྱི་ཡུན་ཚད་ཉིན་བཞི་དང་ཞག་གསུམ་ཡིན་པ་དང་། སྤྱིའི་འགྲུལ་བཞུད་ཀྱི་ལམ་ཐག་སྤྱི་ལེ་ལྔ་བརྒྱ་ལྷག་རེད། འགུལ་སྐྱོད་མ་སྤེལ་གོང་རྒྱལ་ཁབ་བཞིའི་ཁྲིམས་འཛིན་སྡེ་ཁག་གིས་བརྙན་རིས་ཀྱི་རྣམ་པས་ཉིས་སྟོང་ཉེར་གཉིས་ལོའི་སྤྱི་བསྡོམས་ཚོགས་འདུ་བསྡུས་ཏེ། མཉམ་དུ་མཉམ་འབྲེལ་སྐོར་གཡེང་ཁྲིམས་བསྟར་འགུལ་སྐྱོད་ལས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཕྱིར་དྲན་སྤྱི་བསྡོམས་བྱས་པ་དང་། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཁབ་བཞིའི་མཉམ་འབྲེལ་ཁྲིམས་བསྟར་མཉམ་ལས་ཀྱི་ནང་དོན་ལ་གྲོས་བསྡུར་ཟབ་མོ་བྱས། ཕྱོགས་བཞི་ཡིས་ད་རུང་བཀོད་འདོམ་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་དང་བརྡ་འཕྲིན་བརྗེ་རེས་ཚོགས་འདུ་བསྡུས་ཏེ་ཐེངས་འདིའི་འགུལ་སྐྱོད་ལ་མཉམ་དུ་གྲོས་མོལ་བྱས། འགུལ་སྐྱོད་སྤེལ་སྐབས་རྒྱལ་ཁབ་བཞིའི་ཁྲིམས་བསྟར་མི་སྣས་འཆར་གཞི་ལྟར་མེ་ཀུང་ཆུ་བོའི་ས་ཁོངས་གཙོ་བོར་མཉམ་འབྲེལ་ཁྲིམས་བསྟར་འགུལ་སྐྱོད་སྤེལ་ནས། མུ་མཐུད་དུ་ཆུ་བོའི་བཞུར་བརྒྱུད་ཀྱི་རིགས་སྣ་ཚོགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་བཏང་སྟེ། ཆུ་བོའི་བཞུར་བརྒྱུད་ཀྱི་བདེ་འཇགས་དང་གཏན་འཇགས་ལ་ཤུགས་ཆེན་པོས་འགན་སྲུང་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོའི་ཚུན་ལ། རྒྱལ་ཁབ་བཞིའི་ཁྲིམས་འཛིན་སྡེ་ཁག་གིས་བསྡོམས་པས་མཉམ་འབྲེལ་ཁྲིམས་བསྟར་འགུལ་སྐྱོད་ཐེངས་བཅུ་གཉིས་སྤེལ་བ་དང་། རིགས་སྣ་ཚོགས་ཀྱི་ཁྲིམས་བསྟར་འགུལ་སྐྱོད་ཐེངས་བརྒྱ་དང་རེ་གཉིས་སྤེལ། ཁྲིམས་བསྟར་གྲུ་གཟིངས་ཉིས་བརྒྱ་དང་བཞི་དང་། ཁྲིམས་བསྟར་མི་སྣ་མི་ཐེངས་སྟོང་གཉིས་དང་བདུན་བརྒྱ་མངག་གཏོང་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།