རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལྟ་ཞིབ་ཚོགས་པ་ཝུའུ་ཁི་ལན་ལྷོ་མའི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་སུ་བཅའ་སྡོད་བྱས། 
2023.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས་བཅུ་དྲུག་ཉིན་ཝུའུ་ཁི་ལན་ནེ་ཀུའུ་ལཱ་ཡེ་ཧྥུའུ་མངའ་སྡེ་རུ་ཡོད་པའི་ཝུའུ་ཁི་ལན་ལྷོ་མའི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ནས་དར་ཆ་བསྒྲེངས་པའི་མཛད་སྒོ་སྤེལ་བ་དང་། དེ་ལས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལྟ་ཞིབ་ཚོགས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དེར་བཅའ་སྡོད་བྱེད་མགོ་བརྩམས་པ་མཚོན་ཡོད། 

བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་དར་ཆ་བསྒྲེངས་པའི་མཛད་སྒོར་ཞུགས། ཀི་ལོ་ཞི་ཡིས་བསྟན་དོན། པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་རྗེས་ནས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཝུའུ་ཁི་ལན་གྱི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་གཞན་པར་རྒྱ་བསྐྱེད་བཞིན་ཡོད་ལ། དེ་རིང་གོམ་པ་དང་པོ་སྤོས་ཡོད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་མུ་མཐུད་དུ་ཕྱོགས་དེར་འབད་བརྩོན་བྱེད་ངེས་ཡིན་ཟེར། 

ཝུའུ་ཁི་ལན་གྱི་ནུས་ཁུངས་པུའུ་ཀྲང་ཧཱ་ལུའུ་ཞན་ཁི་ཡིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལྟ་ཞིབ་ཚོགས་པས་ཝུའུ་ཁི་ལན་གྱི་བྱ་བ་མགོ་བརྩམས་པར་དགའ་བསུ་ཞུས། 

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཁབ་ཉིང་རྡུལ་ནུས་པའི་ལྟ་རྟོག་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཚབ་མ་ཁི་ལི་ཁི་ཧྥུའུ་ཡིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཝུའུ་ཁི་ལན་ཕྱོགས་ཀྱི་འབྲེལ་ཡོད་གྲོས་གཞིར་ཡིད་འཐད་བྱུང་ཡོད་པ་དང་། མི་འགྱངས་པར་ཆེ་ཨར་ནོའུ་པེ་ལེ་ཉིང་རྡུལ་ནུས་པའི་ས་ཚིགས་འདུས་པའི་ཝུའུ་ཁི་ལན་གྱི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཚང་མར་ལྟ་ཞིབ་པ་མངག་གཏོང་བཅའ་སྡོད་བྱེད་རྒྱུ་ཡིན་ལ། ལྟ་ཞིབ་ཚོགས་པས་འཇབ་རྒོལ་བྱ་འགུལ་ལས་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་ཤུགས་རྐྱེན་ལ་ལྟ་ཞིབ་བྱེད་པའི་འགན་ཁུར་རྒྱུ་རེད་ཟེར། 

མིག་སྔར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཀྲ་པའོ་ལོ་རི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་ཝུའུ་ཁི་ལན་ལྷོ་ཕྱོགས་ཀྱི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་སུ་ལྟ་ཞིབ་ཚོགས་པ་མངག་གཏོང་བཅའ་སྡོད་བྱས་ཡོད། འཆར་གཞི་ལྟར་ན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཧི་མཱེ་ལེ་ནེ་ཚི་ཅི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་ལོ་ཧྥུའུ་ནོའུ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས། ཆེ་ཨར་ནོའུ་པེ་ལེ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་བཅས་སུ་ཆེད་མཁས་པ་མངག་གཏོང་བཅའ་སྡོད་བྱེད་རྒྱུ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།