འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ཚེས་བཅུ་དྲུག་ཉིན་སུའེ་ཙེར་གྱི་ཤར་ཕྱོགས་གྲོང་རྡལ་ཏཱ་བོ་སི་ནས་སྤེལ་མགོ་བརྩམས། དེ་ནི་གླེང་སྟེགས་དེའི་ལོ་ཚོགས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ་ཐོག་དང་པོར་དགུན་ཁར་ཡུལ་དངོས་ནས་སྤེལ་བ་རེད།
ཐེངས་འདིའི་ལོ་ཚོགས་ཀྱི་བརྗོད་སྙིང་ནི་ཁ་བྲལ་གྱི་འཛམ་གླིང་ཁྲོད་མཉམ་ལས་ལ་ཤུགས་སྣོན་དགོས་ཞེས་པ་དེ་ཡིན་ལ། ལོ་ཚོགས་དེ་ཚེས་ཉི་ཤུའི་ཉིན་བར་སྤེལ་རྒྱུ་རེད། ལོ་ཚོགས་དེར་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ལས་རིགས་དང་ཚོང་དོན་ལས་རིགས། སྨྱན་བྱད་ཀྱི་འཐུས་མི་སོགས་མི་ཉིས་སྟོང་བདུན་བརྒྱ་ཙམ་གཅིག་ཏུ་འདུས་ནས། གཙོ་བོ་འབྲུ་རིགས་དང་ནུས་ཁུངས་ཉམས་ཉེན་ཇི་ལྟར་ཐག་གཅོད་བྱེད་པ་དང་། དངུལ་ལོར་ཚད་བརྒལ་འགྲེམ་པ་ཇི་ལྟར་ཐག་གཅོད་བྱེད་པ། འཕར་ཚད་དམའ་བ་དང་བུ་ལོན་མཐོ་བའི་སྣང་ཚུལ་ཇི་ལྟར་ཐག་གཅོད་པ། བཟོ་ལས་ཀྱི་རྣམ་པ་མི་བཟང་བ་ཇི་ལྟར་ཐག་གཅོད་བྱེད་པ། སྤྱི་ཚོགས་ཉམ་ཞན་རང་བཞིན་གྱི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པ། ས་ཁུལ་བར་གྱི་ཆབ་སྲིད་ཉེན་ཁ་ཇི་ལྟར་ཐག་གཅོད་བྱེད་པ་བཅས་གྲོས་གཞི་ཆེན་པོ་ལྔར་གཞོལ་ཡོད།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚེ་པུའུ་ལོན་ཏི་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ད་ལོར་འཛམ་གླིང་ཡོངས་ཉམས་རྒུད་ཉེན་ཁར་འཕྲད་སྲིད་པ་དང་། ཉེན་ཁ་དེ་དག་འཐབ་འཁྲུག་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས། ནམ་ཟླའི་འགྱུར་ལྡོག་སོགས་ལས་བྱུང་བ་ཡིན། སྐབས་འདིའི་ལོ་ཚོགས་ནི་ལོ་ངོ་བཅུ་ཕྲག་འགའི་རིང་ཆེས་རྙོག་འཛིང་ལྡན་པའི་ས་ཁུལ་བར་གྱི་ཆབ་སྲིད་དང་དཔལ་འབྱོར་འགལ་བའི་རྒྱབ་ལྗོངས་འོག་སྤེལ་བ་ཡིན་ཟེར།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་འབྱེད་པའམ་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་ལོ་ཚོགས་མགོ་མ་བརྩམས་གོང་བསྟན་དོན། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་སྟོབས་ཤུགས་མང་བོའི་ཤུགས་རྐྱེན་འོག འཛམ་གླིང་ཡོངས་དང་རྒྱལ་ཁབ་རིམ་པའི་ཁ་བྲལ་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། གཞི་རྩའི་སྟེང་ནས་ཡིད་རྟོན་ཞན་པའི་གནད་དོན་ཐག་གཅོད་བྱེད་ཆེད། སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྟོབས་དང་ལྡན་ལ་ཡུན་རིང་བའི་སླར་གསོའི་ཐད་ཆ་རྐྱེན་བསྐྲུན་དགོས། དེའི་ཞོར་དུ་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་བབ་བསྟུན་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཐོར་འདེགས་བྱས་ནས་མི་ཚང་མ་དེའི་ནང་ཞུགས་པར་འགན་སྲུང་བྱེད་དགོས་ཟེར།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ནི་འཛམ་གླིང་གི་དཔལ་འབྱོར་ཁྱབ་ཁོངས་སུ་གནས་པའི་གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དམིགས་ཡུལ་ཡིན་པའི་དཔོན་ཕྱོགས་མ་ཡིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་ཁུངས་ཤིག་ཡིན་པ་དང་། དེ་ནི་སྔོན་ཆད་གཅིག་སྟོང་དགུ་བརྒྱ་དོན་གཅིག་ལོར་ཧྲི་ཝ་པུའུ་ཡིས་གསར་འཛུགས་བྱས་པའི་ཡོ་རོབ་གླིང་དོ་དམ་གླེང་སྟེགས་ལས་འཕེལ་རྒྱས་བྱུང་བ་ཡིན་ལ། གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོར་ཡོ་རོབ་གླིང་དོ་དམ་གླེང་སྟེགས་དེ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སུ་མིང་བསྒྱུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།