འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ལན་པུའུ་ལོས་ཞེ་ཐི་ཡིས་ཚེས་བཅུ་དྲུག་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ལན་པུའུ་ལོས་ཞེ་ཐི་ཡིས་གསལ་སྒྲོག་ཅིག་ལས་བསྟན་དོན། ཟླ་འགའི་རིང་ལ། སྨྱན་བྱད་ཀྱིས་མོ་རང་ཉིད་ལ་དོ་སྣང་བྱས་པ་ལས་གླེང་ཕྱོགས་ཀྱིས་དངོས་ཡོད་དང་མཐུན་པའི་གནས་ཚུལ་བསྒྲགས་པ་དང་། འཇར་མན་གྱི་རྒྱལ་སྲུང་དང་བདེ་འཇགས་སྲིད་ཇུས་ལ་གྲོས་བསྡུར་བྱེད་ཐབས་མེད་པར་གྱུར་ཡོད་ཟེར།
འཇར་མན་སྲིད་གཞུང་གི་མགྲིན་ཚབ་པ་གཞོན་པ་ཧའོ་ཧྥུའུ་མན་གྱིས་ཉིན་དེར་བསྟན་དོན། ཙུང་ལི་ཧྲའོ་ཨར་ཚི་ཡིས་ལན་པུའུ་ལོས་ཞེ་ཐི་ཡི་ལས་ཁུར་དགོངས་ཞུའི་སྙན་ཞུ་དང་ལེན་བྱས་ཡོད་ཟེར།
དུས་སྐབས་ཤིག་གི་ནང་། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་དམག་དཔུང་གི་དམག་ཆས་ཉོ་བསྡུའི་འཆར་གཞིའི་འཕེལ་རིམ་དལ་བ་དང་། འཇར་མན་གྱིས་ཝུའུ་ཁི་ལན་ལ་དམག་དོན་སྒྲིག་ཆས་སྐྱེལ་འདྲེན་བྱེད་པ་སོགས་གནད་དོན་དབང་གིས་ལན་པུའུ་ལོས་ཞེ་ཐི་ལ་གླེང་ཕྱོགས་དང་སྲིད་དབང་བཟུང་མེད་པའི་ཏང་ཁག་གི་སྐྱོན་བརྗོད་མི་ཉུང་བ་ཐེབས། འཇར་མན་བརྙན་ཁང་གཉིས་པས་ཉེ་སྔོན་སྤེལ་བའི་དམངས་ཀྱི་འདོད་བློའི་རྟོག་ཞིབ་ཅིག་ལས་མངོན་པ་ལྟར་ན། མང་ཚོགས་བཅུ་ཆའི་དྲུག་ཙམ་གྱིས་ལན་པུའུ་ལོས་ཞེ་ཐི་ཡིས་ལས་ཁུར་དགོངས་ཞུ་བྱེད་པར་རེ་བ་བྱེད་བཞིན་ཡོད་པ་རེད།
ལན་པུའུ་ལོས་ཞེ་ཐི་ཡིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པ་ནས་བཟུང་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།