པུ་ཁི་ནཱ་ཧྥ་སོའི་བྱང་ཕྱོགས་ས་ཁུལ་དུ་བུད་མེད་ལྔ་བཅུ་ལྷག་བཙན་ཁྲིད་བྱས། 
2023.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

པུ་ཁི་ནཱ་ཧྥ་སོའི་སྲིད་གཞུང་གིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་སཱ་ཧི་ལེ་ས་ཁུལ་ཆེན་མོའི་སུའུ་མུའུ་ཞིང་ཆེན་གྱི་བུད་མེད་ལྔ་བཅུ་ལྷག་ཉེ་སྔོན་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་ཟེར། 

སཱ་ཧི་ལེ་ས་ཁུལ་ཆེན་མོའི་མགོ་བ་སོ་ཨར་ཀི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཚེས་བཅུ་གཉིས་ཉིན་དང་ཚེས་བཅུ་གསུམ་ཉིན། བུད་མེད་ལྔ་བཅུ་ལྷག་གིས་ཞིང་ཆེན་དེའི་ཨ་ལི་པེན་ཏཱ་གྲོང་རྡལ་ཉེ་འདབས་སུ་ཁ་ཟས་འཚོལ་སྐབས་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་པ་དང་། སྔོག་བཤེར་མྱུར་སྐྱོབ་འགུལ་སྐྱོད་ས་ཁུལ་དེར་སྤེལ་བཞིན་ཡོད་ཟེར། 

ཨ་ལི་པེན་ཏཱ་ནི་པུ་ཁི་ནཱ་ཧྥ་སོའི་བྱང་ཕྱོགས་ཀྱི་དྲག་ཆས་ཉེས་ཅན་གྱིས་བཟུང་བའི་མཁར་གྲོང་མང་བོའི་གྲས་ཡིན་པ་དང་། སྡོད་དམངས་ཀྱིས་ཟས་རིགས་དང་འཐུང་ཆུ། དེ་མིན་གཞི་རྩའི་ཚོང་རྫས་གཞན་པ་དང་ཞབས་ཞུ་སོགས་ཐོབ་དཀའ་བར་གྱུར་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཐུའུ་ཨར་ཁི་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། བཙན་ཁྲིད་དོན་རྐྱེན་དེར་ཧ་ལས་པའི་ཚུལ་བསྟན་པ་དང་། མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པར་བཙན་ཁྲིད་བྱས་པའི་བུད་མེད་ཚང་མ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་། 


བསོད་ནམས་ཚེ་རིང་གིས་བསྒྱུར།