ཝུའུ་ཁི་ལན་གྱི་ཙུང་ལི་ཧྲི་མཱེ་ཅཱ་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ཝུའུ་ཁི་ལན་སྲིད་འཛིན་ལས་ཁུངས་ཀྱིས་རྒྱལ་ཁབ་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཁི་ལེ་མེན་ཁི་ལ་ཞོར་དུ་ནང་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པའི་ལས་འགན་ཁུར་དུ་བཅུག་ནས་ནང་སྲིད་པུའུ་ཀྲང་གི་ལས་འགན་ཚབ་བསྒྲུབ་བྱེད་དུ་བཅུག་ཡོད་ཟེར།
ཧྲི་མཱེ་ཅཱ་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་ཉིན་དེར་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཆེད་དོན་བྱ་བའི་ཚན་ཆུང་བཙུགས་ནས་ཉིན་དེར་བྱུང་བའི་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་རྒྱུ་ཐག་བཅད། ཧྲི་མཱེ་ཅཱ་ཨར་གྱིས་རྟོག་ཞིབ་བྱེད་པར་དུས་ཚོད་ངེས་ཅན་དགོས་པས། མང་ཚོགས་ཀྱིས་དཔོན་ཕྱོགས་ཀྱི་རྟོག་ཞིབ་མཇུག་མ་རྫོགས་གོང་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེར་སྡོམ་ཚིག་འགོད་པ་དང་ཚོད་དཔག་བྱེད་མི་རུང་བའི་འབོད་སྐུལ་བཏང་།
ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་སྤེལ་བའི་གནས་ཚུལ་གསར་བ་ལྟར་ན། ཉིན་དེར་ཅི་ཧྥུའུ་གྲོང་ཁྱེར་ཤར་མཐའི་པུའུ་ལོ་ཝ་ལོས་ནས་བྱུང་བའི་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལས་བསྡོམས་པས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔར་རྨས་ཕོག་ཡོད། གནམ་གྲུའི་སྟེང་གི་མི་དགུ་བོ་ཚང་མ་རྐྱེན་ལམ་དུ་ཤོར། དེའི་ནང་ནང་སྲིད་པུའུ་ཀྲང་མའོ་ནཱ་སི་ཐི་ཨར་སི་ཅི་དང་ནང་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་ཡེ་ཉིང་གཉིས་འདུས་ཟེར།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅོ་བརྒྱད་ཉིན་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། ཁོས་ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་ཅུའུ་དང་། རྒྱལ་ཁབ་ཉེན་རྟོག་ཅུའུ། དེ་མིན་ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་བྱས་ནས། ཉིན་དེར་བྱུང་བའི་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད་ཟེར།
ཝུའུ་ཁི་ལན་བྲེལ་མྱུར་གནས་ཚུལ་ཅུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་རྒུད་སྐྱོབ་མི་སྣ་བརྒྱ་དང་ཉེར་བདུན་དང་རྒུད་སྐྱོབ་རླངས་འཁོར་སུམ་ཅུ་བཀོལ་ནས་རྒུད་སྐྱོབ་མེ་གསོད་བྱ་བར་ཞུགས་ཡོད་པར་མ་ཟད། སེམས་ཁམས་ཆེད་མཁས་པ་གནམ་གྲུ་སར་ལྷུང་སར་མངག་ནས་འབྲེལ་ཡོད་མི་སྣར་སེམས་གསོ་བྱེད་བཞིན་ཡོད་ཟེར།
གྱེན་འཕུར་གནམ་གྲུ་སར་ལྷུང་བ་ལས་བྱིས་པ་གསུམ་དང་བཅས་པའི་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། བྱིས་པ་བཅུ་གཉིས་དང་བཅས་པའི་མི་སུམ་ཅུར་རྨས་ཕོག་ཡོད། དེའི་སྔོན་ཝུའུ་ཁི་ལན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འདས་པོའི་ཁ་གྲངས་མི་བཅོ་བརྒྱད་ལ་བསླེབས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།