དབྱི་ཐཱ་ལེའི་ཙུང་ཐུང་གིས་དབྱི་ཐཱ་ལེ་དང་ཀྲུང་གོས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཡིད་ཆེས་ཡོད་པའི་ཚུལ་བསྟན། 
2023.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

དབྱི་ཐཱ་ལེའི་ཙུང་ཐུང་མཱ་ཐཱ་ལོས་ལཱ་ཡིས་ཉེ་སྔོན་བསྟན་དོན། དབྱི་ཐཱ་ལེ་དང་ཀྲུང་གོས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཉམ་དུ་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར། 

མཱ་ཐཱ་ལོས་ལཱ་ཡིས་ཉེ་སྔོན་དབྱི་ཐཱ་ལེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅཱ་ཀོས་ཏི་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། དབྱི་ཐཱ་ལེ་དང་ཀྲུང་གོའི་བར་ཡུན་རིང་བའི་སྲོལ་རྒྱུན་མཛའ་བརྩེ་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞི་བརྟན་པོ་ཡིན། ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཅཱ་ཀོས་ཏི་ཡིས་བཤད་རྒྱུར། དབྱི་ཐཱ་ལེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ངེས་ཅན་ལྡན། ཀྲུང་གོ་དང་དབྱི་ཐཱ་ལེ་གཉིས་ནི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་ཡིན་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐཱ་ལེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། ཅཱ་ཀོས་ཏི་ཡིས་བསྟན་དོན། གཞུང་ཚབ་ཆེན་མོ་གསར་བ་ཡིན་པའི་ཆ་ནས། ཁོས་དབྱི་ཐཱ་ལེ་ཕྱོགས་ཀྱི་སྡེ་ཁག་སོ་སོའི་བར་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་གཏིང་ཟབ་ཏུ་དངོས་འབེབས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་ནས། མཉམ་དུ་ཀྲུང་གོ་དང་དབྱི་ཐཱ་ལེའི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།