དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་བཅུ་དགུ་ཉིན་ཡོ་རོབ་གླིང་གྲོས་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་དེ་འཇིགས་སྐུལ་རྩ་འཛུགས་ནང་འཇོག་པའི་གྲོས་གཞི་བཏོན་པར་སྐྱོན་བརྗོད་དྲག་པོ་བྱས་པ་དང་། ཡོ་རོབ་གླིང་ཕྱོགས་ཀྱི་འགྱུར་བག་ཆེ་བའི་བྱ་སྤྱོད་དེ་རིགས་འོས་འཚམ་མིན་པར་མ་ཟད་ནོར་འཆུག་རེད་ཟེར།
ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ལ་ཁ་པར་གཏོང་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་ནི་དཔོན་ཕྱོགས་ཀྱི་ལས་ཁུངས་གཙོ་བོ་ཞིག་ཡིན་པ་དང་། དབྱི་ལིང་གི་རྒྱལ་ཁབ་བདེ་འཇགས་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར།
ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཡོ་རོབ་གླིང་གྲོས་ཁང་གིས་རང་གི་འགྱུར་བག་ཆེ་བའི་བྱ་སྤྱོད་ཀྱི་ལྡོག་ཕྱོགས་ཤུགས་རྐྱེན་ལ་བསམ་བློ་ཞིབ་ཏུ་བཏང་སྟེ། ཕྱི་འབྲེལ་ཁྱབ་ཁོངས་ནས་ཕ་རོལ་བའི་བདེ་འཇགས་ལ་བརྩི་འཇོག་བྱེད་པ་དང་། ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་གྲོས་རིམ་དུ་འཇོག་དགོས་པ་ལས། འཇིགས་ཉེན་གཏོང་བའི་གཏམ་སྤྱོད་དང་མཛའ་མཐུན་མིན་པའི་བྱ་སྤྱོད་སྤེལ་མི་རུང་ཟེར།
པའོ་ལོས་ལེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་གྲོས་ཁང་གི་གྲོས་ཆོད་དེར་ཚོད་འཛིན་ནུས་པ་མེད་ཟེར།
ཡོ་རོབ་གླིང་གྲོས་ཁང་གིས་ཚེས་བཅོ་བརྒྱད་ཉིན་འདེམ་ཤོག་ལྔ་བརྒྱ་དང་གོ་བརྒྱད་ཡིད་འཐད་བྱུང་བ་དང་། འདེམ་ཤོག་དགུ་ཡིས་ངོ་རྒོལ་བྱེད་པ། འདེམ་ཤོག་སོ་གཅིག་གིས་དབང་ཆ་བསྐྱུར་བའི་བརྡས་གཅོད་མཇུག་འབྲས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྙན་ཞུའི་བཟོ་བཅོས་འཆར་ཟིན་ཞིག་ལ་གྲོས་འཆམ་བྱུང་། བཟོ་བཅོས་འཆར་ཟིན་དེ་ལས་ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་དག་གིས་དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་མིང་ཐོའི་ནང་འཇོག་དགོས་པའི་འབོད་སྐུལ་བཏང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།