རྒྱལ་སྤྱིའི་ནུས་པའི་ཐོན་ཁུངས་ཁང་གི་མགོ་བ་པུས་ལོ་ཨར་གྱིས་ཉེ་སྔོན་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་སུ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་ནི་ལྷད་མེད་ནུས་ཁུངས་ལག་རྩལ་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་ཟེར།
པུས་ལོ་ཨར་གྱིས་ཏཱ་བོ་སི་ནས་གསར་འགོད་པར་བཤད་རྒྱུར། ཀྲུང་གོ་ནི་དག་གཙང་ནུས་ཁུངས་ལག་རྩལ་གྱི་སྐུལ་འདེད་གཏོང་མཁན་གཙོ་བོ་ཡིན་ཞིང་། ཉི་འོད་ནུས་པ་དང་རླུང་ནུས། གློག་སྒུལ་རླངས་འཁོར་སོགས་ཁྱབ་ཁོངས་ནས་འཛམ་གླིང་ཡོངས་ཀྱི་མདུན་གྲལ་དུ་གནས་ཡོད་ཟེར།
ནུས་ཁུངས་ཀྱི་རིན་གོང་འཕར་ཕྱོགས་གླེང་སྐབས་པུས་ལོ་ཨར་གྱིས་བསྟན་དོན། ས་ཁུལ་བར་གྱི་ཆབ་སྲིད་རྒྱུ་རྐྱེན་དང་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་དགོས་མཁོ་སོགས་ལ་སྔར་བཞིན་གཏན་འཇགས་མིན་པའི་རང་བཞིན་ལྡན་པའི་དབང་གིས་ཉིས་སྟོང་ཉེར་གསུམ་ལོ་ནི་ནུས་ཁུངས་ཚོང་རར་དཀའ་ཁག་ཧ་ཅང་ཆེ་བའི་ལོ་ཞིག་ཡིན་སྲིད་ཟེར།
རྒྱལ་སྤྱིའི་ནུས་པའི་ཐོན་ཁུངས་ཁང་གིས་དེའི་སྔོན་ཚོད་དཔག་བྱས་དོན། འཛམ་གླིང་ཡོངས་ཀྱི་མ་བཅོས་རྡོ་སྣུམ་གྱི་ཚོང་རའི་མཁོ་འདོན་དེ་ཉིས་སྟོང་ཉེར་གསུམ་ལོའི་དུས་ཚིགས་གསུམ་པར་ལྡབ་འགྱུར་གྱིས་ཇེ་ཉུང་དུ་འགྲོ་བའི་སྣང་ཚུལ་འབྱུང་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།