དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་གཉིས་ཉིན་སྲིད་འཛིན་ལས་ཁུངས་ཀྱི་གཟའ་འཁོར་རེའི་གྲོས་ཚོགས་སྟེང་ནང་སྲིད་བློན་ཆེན་དང་འཕྲོད་བསྟེན་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཏི་ལིའི་ལས་འགན་ལེན་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། རང་ཉིད་ཀྱིས་སྐྱོ་གདུང་དྲག་པོས་ཏི་ལིའི་བློན་ཆེན་གྱི་ལས་འགན་བླངས་པ་དང་། ཆེས་མཐོའི་ཁྲིམས་ཁང་གིས་ཁོ་རང་ལ་ཏི་ལིའི་ལས་འགན་ལེན་པའི་རེ་བ་བཏོན་པའི་ཆོད་དོན་དེས་མང་ཚོགས་ཀྱི་འདོད་བློ་སྣང་མེད་དུ་བསྐྱུར་ཡོད་པའི་ཚུལ་བསྟན།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཏི་ལི་སྔར་བཞིན་ཉིན་དེའི་སྲིད་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་ལ་ཞུགས་ཡོད། ཚོགས་འདུའི་རྗེས་སུ་ཏི་ལི་ཡིས་གསལ་སྒྲོག་སྤེལ་ཏེ་རང་ཉིད་ཀྱིས་མུ་མཐུད་དུ་ཧྲི་སི་ཏང་གི་མགོ་ཁྲིད་པའི་འགན་ཁུར་རྒྱུ་ཡིན་པ་དང་། སྲིད་གཞུང་ལ་རོགས་རམ་བྱས་ནས་འཆར་གཞི་སྣ་ཚོགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ཏི་ལི་ནི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པར་ཁྲལ་དོན་མགོ་སྐོར་དབང་གིས་ཁྲིམས་ཁང་གིས་ཉེས་པ་ཡོད་པར་ཐག་བཅད་དེ་ལོ་གཅིག་གི་ཁྲིམས་ཆད་བཅད། ཟླ་བཅུ་གཅིག་པའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད། ཁོས་མགོ་ཁྲིད་པའི་ཆོས་ལུགས་སྲིད་ཏང་ཧྲ་སི་ཏང་ལ་ལས་གནས་བཅུ་གཅིག་ཐོབ་ནས་གྲོས་ཁང་གི་ཏང་ཁག་ཆེན་མོ་གསུམ་པར་གྱུར། ཧྲ་སི་ཏང་གིས་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཆ་རྐྱེན་ལེན་ཆེད། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་ཁང་ནས་བཅའ་ཁྲིམས་བཀའ་ཁྱབ་ལ་གྲོས་མཐུན་བཀོད་དེ། ཁྲིམས་ཆད་ཁུར་བཞིན་པའི་ཏི་ལི་ཡིས་སྲིད་གཞུང་གསར་བའི་ནང་སྔར་བཞིན་བློན་ཆེན་གྱི་ལས་འགན་ཁུར་བར་ཆོག་མཆན་བཀོད།
ཟླ་འདིའི་ཚེས་བཅོ་བརྒྱད་ཉིན། དབྱི་སི་རལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་བཅད་ལས་ཏི་ལི་བློན་ཆེན་དུ་བསྐོ་འཇོག་བྱས་པ་དེ་ལུགས་མཐུན་གྱི་ཁྱབ་ཁོངས་ལས་བརྒལ་ཡོད་པར་བཤད་པ་དང་། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དེའི་ལས་འགན་ལེན་དགོས་པའི་རེ་བ་བཏོན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།