ཨ་མེ་རི་ཁའི་ལོ་ཧྲན་ཅི་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུར་རྨས་ཕོག
2023.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར། ཉེན་རྟོག་པས་ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེའི་ལོ་ཧྲན་ཅི་རྫོང་མིན་ཐི་ལོས་ཕཱ་ཁི་གྲོང་ཁྱེར་གྱི་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་བྱ་བ་སྒྲུབ་བཞིན་པ། 

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར། ཉེན་རྟོག་པས་ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེའི་ལོ་ཧྲན་ཅི་རྫོང་མིན་ཐི་ལོས་ཕཱ་ཁི་གྲོང་ཁྱེར་གྱི་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་བྱ་བ་སྒྲུབ་བཞིན་པ། 

ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེའི་ལོ་ཧྲན་ཅི་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ལོ་ཧྲན་ཅི་རྫོང་མིན་ཐི་ལོས་ཕཱ་ཁི་གྲོང་ཁྱེར་དུ་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ཕོག་ཡོད་ཟེར། 

ལོ་ཧྲན་ཅི་རྫོང་གི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བས་སྨྱན་བྱད་ལ་བསྟན་དོན། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ཚེས་ཉེར་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་ཉེར་གཉིས་སྟེང་བྱུང་བ་དང་། མེ་མདའ་བཟུང་བའི་མི་ཞིག་གིས་ཞབས་བྲོ་ཁང་ཞིག་གི་ནང་མེ་མདས་གང་འདོད་དུ་བརྒྱབ་སྟེ། མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ལ། དེའི་ནང་མི་རེ་འགའི་རྨས་སྐྱོན་ཚབས་ཆེན་རེད། མིག་སྔར་ལག་དམར་སྔར་བཞིན་བྲོས་བྱོལ་བྱེད་བཞིན་ཡོད་པ་དང་། དེས་དོན་རྐྱེན་བཟོ་བའི་དམིགས་ཡུལ་ཅི་ཡིན་གསལ་བོར་མི་ཤེས་ཟེར། 

གསར་འགོད་པའི་ཡུལ་དངོས་ནས་མཐོང་བ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སའི་ཉེ་འདབས་ཀྱི་ལམ་ཁ་ཚང་མ་བཀག་སྡོམ་བྱས་ཡོད། 

དོན་རྐྱེན་བྱུང་སྐབས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སའི་ཉེ་འདབས་སུ་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་བཞིན་ཡོད་ཅིང་། མི་ཁྲི་སྟོང་མང་བོ་བྱ་འགུལ་ལ་ཞུགས་ཡོད། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གྱི་དགའ་སྟོན་བྱ་འགུལ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། 

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་ལོ་ཧྲན་ཅི་ས་ཁུལ་ནས་ཉེ་བའི་ལོ་འགའི་རིང་བྱུང་བའི་ཆེས་ཚབས་ཆེ་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།