སི་རི་ཡཱའི་ཨ་ལེ་ཕའོ་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་ཞིག་རྡིབས་ནས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། 
2023.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་གྲོང་ཁྱེར་གྱི་བརྩེགས་རིམ་ལྔ་ཅན་གྱི་སྡོད་དམངས་ཐོག་ཁང་ཞིག་ཉིན་དེར་རྡིབས་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

བསྒྲགས་པ་ལྟར་ན། རྡིབས་སྐྱོན་བྱུང་བའི་ཐོག་ཁང་དེ་ཨ་ལེ་ཕའོ་གྲོང་ཁྱེར་གྱི་ཞེ་ཧི་མཱ་ཁི་སུའུ་ཏི་སྲང་ལམ་དུ་ཡོད་པ་དང་། དོན་རྐྱེན་དེ་ལས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཡོད་ལ། དེའི་ནང་བྱིས་པ་གཅིག་འདུས། གཞན་ཡང་རྨས་མ་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་རེད། དོན་རྐྱེན་བྱུང་སྐབས་ཐོག་ཁང་དེའི་ནང་བསྡོམས་པས་སྡོད་དམངས་ཉི་ཤུ་ལྷག་ཡོད་པ་རེད། 

ཨ་ལེ་ཕའོ་ཞིང་ཆེན་གྱི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། ཐོག་ཁང་རྡིབས་སྐྱོན་བྱུང་བའི་རྒྱུ་རྐྱེན་ནི་ཐོག་ཁང་གི་རྨང་གཞིས་ཆུས་ཟིན་པས་རེད་ཟེར། མིག་སྔར་ས་དེའི་རྒུད་སྐྱོབ་དང་དམངས་སྲུང་། མེ་གསོད་རུ་ཁག་བཅས་ཀྱིས་སྔར་བཞིན་ཞིག་རོའི་འོག་ཏུ་གར་སོང་མ་རྙེད་པའི་མི་སྣ་འཚོལ་བཤེར་བྱེད་བཞིན་ཡོད།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཨ་ལེ་ཕའོ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨ་ལེ་ཕའོ་ཕྱིར་འཕྲོག་ལེན་བྱས་ཀྱང་། མིག་སྔར་སྔོན་ཆད་ཀྱི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་སྔར་བཞིན་དུ་ཨ་ལེ་ཕའོ་ཞིང་ཆེན་ནུབ་ངོས་ཀྱི་ས་ཁུལ་སྐོར་ཞིག་བཙན་བཟུང་བྱས་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།