ཞི་ཕུའུ་ཅིན་སི་ཡིས་ནེའུ་ཙེ་ལན་གྱི་བཟོ་བའི་ཏང་གི་ཏང་གཙོའི་འགན་ཁུར་བ་དང་མི་འགྱངས་པར་ཙུང་ལིའི་འགན་ཁུར་རྒྱུ་རེད། 
2023.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ནེའུ་ཙེ་ལན་གྱི་སྲིད་འཛིན་ཏང་བཟོ་བའི་ཏང་གི་ཏང་ཚོགས་གྲོས་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་འདེམ་ཤོག་འཕངས་ནས་ཉེན་རྟོག་པུའུ་ཀྲང་ཞེ་ཕུའུ་ཅིན་སི་ཡིས་བཟོ་བའི་ཏང་གི་ཏང་གཙོའི་འགན་ཁུར་བར་ཆོག་མཆན་བཀོད་པ་དང་། ལས་སྐྱུར་བྱས་པའི་ཨ་ཏི་ཨིན་གྱི་ཚབ་ཏུ་ནེའུ་ཙེ་ལན་གྱི་ཙུང་ལིའི་འགན་ཁུར་རྒྱུ་རེད། 

ནེའུ་ཙེ་ལན་གྱི་ཆབ་སྲིད་ལམ་ལུགས་ལྟར་ན། གྲོས་ཁང་ནས་ལས་གནས་མང་ཤོས་ཐོབ་པའི་སྲིད་ཏང་གི་སྲིད་འཛིན་ཏང་དུ་འགྱུར་བ་དང་། དེའི་ཏང་གཙོ་རང་བཞིན་གྱིས་ཙུང་ལིར་འགྱུར་སྲིད། ཞེ་ཕུའུ་ཅིན་སི་ཡིས་ཉིན་དེར་ཏང་ཚོགས་ཀྱི་གྲོས་ཚོགས་མཇུག་སྒྲིལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཁོས་ཟླ་འདིའི་ཚེས་ཉེར་ལྔ་ཉིན་དམ་བཅའ་བཞག་སྟེ་ཙུང་ལིའི་འགན་ཁུར་རྒྱུ་ཡིན་ཟེར། 

ཞེ་ཕུའུ་ཅིན་སི་ཡིས་མྱུར་མོར་སྲིད་འཛིན་ལས་ཁུངས་བསྐྱར་འཛུགས་བྱེད་རྒྱུ་ཡིན་པ་དང་། ལས་འགན་ཁུར་རྗེས་དངུལ་ལོར་ཚད་བརྒལ་འགྲེམས་པ་དང་ཁང་རིན་མཐོ་བ། སྤྱི་ཚོགས་ཀྱི་བདེ་སྲུང་གནས་བབ་ཇེ་སྡུག་ཏུ་འགྲོ་བ་སོགས་རྒྱལ་ནང་གི་དམངས་འཚོའི་གནད་དོན་ལ་ཚད་མཐོའི་དོ་སྣང་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཡུན་རིང་བའི་ཤུགས་རྐྱེན་དེ་ནུས་ལྡན་གྱིས་ཐག་གཅོད་བྱེད་དགོས་ཟེར། 

བཟོ་བའི་ཏང་གི་ཏང་ཚོགས་གྲོས་ཚོགས་ནས་ཁྱབ་བསྒྲགས་བྱས་དོན། སྤྱི་ཚོགས་འཕེལ་རྒྱས་དང་ལས་ཞུགས་པུའུ་ཀྲང་སེ་ཕུའུ་ལོ་ནེ་ཡིས་ཙུང་ལི་གཞོན་པའི་འགན་ཁུར་རྒྱུ་ཡིན་པ་དང་། ནེའུ་ཙེ་ལན་སྲིད་གཞུང་དང་མའོ་ལེ་འབྲེལ་བའི་པུའུ་ཀྲང་ངམ་བྱིས་པའི་ལས་དོན་གྱི་པུའུ་ཀྲང་ཏའེ་ཝེ་སི་ཡི་ཏང་གཙོ་གཞོན་པའི་ལས་འགན་སྔར་སོར་འཇོག་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།