ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཡོ་རོབ་གླིང་གི་རང་བདག་ལ་ཤུགས་སྣོན་བྱེད་རྒྱུ་རེད། 
2023.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་གཉིས་ཕཱ་རེ་སིའི་སོ་པང་སློབ་ཆེན་དུ་འབྱོར་ནས། ཨེ་ལོས་ཧྲི་ཆིངས་ཡིག་བཀོད་ནས་ལོ་ངོ་དྲུག་ཅུ་འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་རྩིས་བྱེད་བཞིན་པ། 

ཧྥ་རན་སི་དང་འཇར་མན་གྱི་འཐབ་འཁྲུག་རྗེས་ཀྱི་ཞི་བའི་འགྲིག་མཐུན་མཚོན་པའི་ཨེ་ལོས་ཧྲི་ཆིངས་ཡིག་བཀོད་ནས་ལོ་ངོ་དྲུག་ཅུ་འགོར་བའི་སྐབས་སུ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་གཉིས་ཀྱིས་ཚེས་ཉེར་གཉིས་ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་གྲོས་མོལ་བྱས་པ་དང་མཉམ་དུ་རྗེས་དྲན་བྱ་འགུལ་ལ་ཞུགས། དེ་ལས་གཞན་ཧྥ་རན་སི་དང་འཇར་མན་གྱི་མཉམ་འབྲེལ་སྲིད་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་ཀྱང་ཉིན་དེར་ཕཱ་རེ་སི་ནས་བསྡུས། ཉམས་ཉེན་དང་འགལ་བ་མང་བོའི་མདུན་ནས། ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་རྗེས་དྲན་བྱ་འགུལ་དེ་ལ་བརྟེན་ནས་མཉམ་ལས་གྲོགས་པོའི་འབྲེལ་བར་ཕྱིར་དྲན་དང་ཕྱོགས་མང་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། བབ་བསྟུན་དང་རྒྱུན་མཐུད། སྒེར་ཚུགས་བཅས་ཀྱི་ཡོ་རོབ་གླིང་ཞིག་མཉམ་དུ་འཛུགས་སྐྲུན་བྱེད་འདོད་ཡོད། 

མཱ་ཁི་ལུང་གིས་ཉིན་དེར་ཕཱ་རེ་སིའི་སོ་པང་སློབ་ཆེན་ནས་སྤེལ་བའི་རྗེས་དྲན་མཛད་སྒོའི་སྟེང་བཤད་རྒྱུར། ཧྥ་རན་སི་དང་འཇར་མན་གྱིས་ཞི་མཐུན་གྱི་ལམ་གསར་འབྱེད་བྱས་ཡོད་པས། ངེས་པར་དུ་ཡོ་རོབ་གླིང་བསྐྱར་འཛུགས་བྱེད་པའི་གདོང་སྐྱོད་པར་འགྱུར་དགོས། འཛམ་གླིང་ཡོངས་ཀྱི་གནས་བབ་ལ་འགྱུར་ལྡོག་བྱེད་པའི་སྐབས་སུ་ཧྥ་རན་སི་དང་འཇར་མན་གྱིས་ཡོ་རོབ་གླིང་གིས་སྔར་ལས་མཐུན་སྒྲིལ་བྱས་ཏེ་རང་ཉིད་ཀྱི་ལས་དབང་དམ་འཛིན་བྱེད་དགོས་པའི་ཕུགས་འདུན་དེ་གཏན་སྲུང་བྱེད་དགགོས་ཟེར། 

ཧྲའོ་ཨར་ཚི་ཡིས་བསྟན་དོན། མ་འོངས་པ་དེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་རག་ལས་ཡོད། ཧྥ་རན་སི་དང་འཇར་མན་ནི་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་སྒུལ་འཁོར་ལྟ་བུ་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀྱི་འགལ་བ་ཐག་གཅོད་བྱེད་ཐུབ་དགོས་ཟེར། 

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་ཧྥ་རན་སི་དང་འཇར་མན་གྱི་མཉམ་འབྲེལ་སྲིད་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་ཀྱི་མཉམ་འབྲེལ་གསལ་སྒྲོག་ལས། ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་ཕྱི་ཕྱོགས་སྲིད་ཇུས་དང་བདེ་འཇགས་འགོག་སྲུང་། བཟོ་ལས་ཚན་རྩལ། ནུས་ཁུངས་བདེ་འཇགས། ལྷད་མེད་དཔལ་འབྱོར་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཧྥ་རན་སི་དང་འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་དེ་ས་ཁུལ་གྱི་ཆབ་སྲིད་ཟབ་ཞུགས་མཁན་ཡིན་པའི་ནུས་པར་ཤུགས་སྣོན་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པའི་རྒྱ་བསྐྱེད་ལ་གྲ་སྒྲིག་གང་ལེགས་བྱེད་རྒྱུ་ཡིན་ཟེར། དེའི་ཞོར་དུ་ངེས་པར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་ཁུངས་ལ་བཅོས་བསྒྱུར་བྱེད་དགོས་ཟེར། ཧྥ་རན་སི་དང་འཇར་མན་གྱིས་ད་རུང་ཡོ་རོབ་གླིང་གི་འགོག་སྲུང་ནུས་པར་ཤུགས་སྣོན་བྱེད་པ་དང་ཡོ་རོབ་གླིང་གི་བྱང་ཆིངས་རྩ་འཛུགས་ནང་ཁུལ་གྱི་ནུས་པ་གཙོ་བོར་ཤུགས་སྣོན་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ནུས་ཁུངས་ཉམས་ཉེན་གྱིས་ཧྥ་རན་སི་དང་འཇར་མན་གྱིས་རང་བྱུང་སོལ་རླངས་དང་གློག་ཤུགས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ལ་ཤུགས་སྣོན་བྱེད་པར་སྐུལ་མ་བཏང་ཡོད། ཕྱོགས་གཉིས་ཀྱིས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་དང་ཐཱན་ཉུང་ནུས་ཁུངས། ཆིང་ནུས་། དེ་མིན་གྲངས་ལྡན་ལག་རྩལ། བཟོ་བའི་རིག་ནུས་སོགས་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་ནས། རྒྱལ་ཁོངས་བརྒལ་བའི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར། 

དེ་ལས་གཞན་ཧྥ་རན་སི་དང་འཇར་མན་གྱིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱས་ཤིང་། ཝུའུ་ཁི་ལན་ལ་དགོས་ངེས་ཀྱི་མི་ཆོས་རིང་ལུགས་རོགས་སྐྱོར་འདོན་སྤྲོད་བྱེད་པ་དང་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱས་ནས། ཡོ་རོབ་གླིང་མནའ་འབྲེལ་གྱི་དེའི་ཕྱོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།