ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་ཨེ་པུའུ་ལཱ་མུའུ་སི་ཞེས་པའི་གཙོ་འཐབ་ཐན་ཁི་འཁོར་ལོ་སོ་གཅིག་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
པེད་ཏིན་གྱིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁས་འདོན་སྤྲོད་བྱེད་པའི་ཐན་ཁི་འཁོར་ལོའི་ཁ་གྲངས་དེས་ཝུའུ་ཁི་ལན་དམག་དཔུང་གི་སྒར་དཔུང་གཅིག་ལ་དྲག་ཆས་སྤྲས་ཐུབ་ལ། ཐན་ཁི་འཁོར་ལོ་དེ་དག་ཝུའུ་ཁི་ལན་དུ་འབྱོར་བར་ད་རུང་ཉིན་འགའ་འགོར་སྲིད་ཟེར།
པེད་ཏིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་ད་རུང་ཨེ་པུའུ་ལཱ་མུའུ་སི་གཙོ་འཐབ་ཐན་ཁི་འཁོར་ལོའི་རྒྱུན་ལྡན་བཀོལ་སྤྱོད་ལ་ནུས་ལྡན་འགན་སྲུང་བྱེད་ཐུབ་པའི་ལྷུ་ལག་འདོན་སྤྲོད་བྱེད་རྒྱུ་མ་ཟད། མྱུར་མོར་ཝུའུ་ཁི་ལན་གྱི་དམག་དཔུང་ལ་རྟགས་དེ་ཅན་གྱི་ཐན་ཁི་འཁོར་ལོའི་བཀོལ་སྤྱོད་དང་ཞིག་གསོ། མཁོ་སྒྲུབ་འགན་སྲུང་སོགས་འབྲེལ་ཡོད་ཀྱི་གསོ་སྦྱོང་བྱེད་རྒྱུ་ཡིན་ཟེར།
ཉེ་སྔོན་ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོའི་རོགས་སྐྱོར་བྱེད་རྩིས་ཡོད་པའི་གནས་ཚུལ་བསྒྲགས་པ་རེད། ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གིས་ཚེས་ཉེར་བཞི་ཉིན་སྤྱི་ཚོགས་སྨྱན་བྱད་སྟེང་གཞུང་ཚབ་ཆེན་མོ་ཨན་ཏུང་ནོའུ་ཧྥུའུ་ཡི་སྐད་ཆ་སྤེལ་ཏེ་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱས་རྗེས། ཝུའུ་ཁི་ལན་ལ་འགོག་སྲུང་རང་བཞིན་གྱི་མཚོན་ཆ་འདོན་སྤྲོད་བྱེད་པའི་བཤད་ཚུལ་དེ་ལུགས་མཐུན་ཡོང་དུ་འཇུག་ཐབས་མེད་ལ། དེ་ནི་ཨུ་རུ་སིར་མངོན་སུམ་འཛེམ་མེད་ཀྱིས་དཀྲུགས་འཕེན་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།