ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་དཔོན་རིགས་མང་བོའི་ལས་འགན་བླངས་པའི་ཐད་ནས་ལན་བྱིན། 
2023.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་ཙུང་ཐུང་བཀའ་རྒྱ་བཀོད་དེ་མཐོ་རིམ་དཔོན་རིགས་མང་བོའི་ལས་འགན་བླངས་པའི་ཐད་ནས་བརྙན་རིས་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། རྒྱལ་ཁབ་ཀྱི་ནང་སྲིད་གནད་དོན་ལ་བཀག་རྒྱ་བྱེད་པའི་གནད་དོན་གང་རུང་གཙང་སེལ་བྱེད་བཞིན་ཡོད་ལ་མུ་མཐུད་དུ་གཙང་སེལ་བྱེད་རྒྱུ་ཡིན་ཟེར། 

ཙེ་ལེན་སི་ཅི་ཡིས་བརྙན་རིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་མིས་མི་དོན་གྱི་ལེགས་སྒྲིག་དེར་བདེན་དཔང་བྱས་ཡོད་པ་དང་། དེ་ལྟར་བྱས་ན་ཝུའུ་ཁི་ལན་དང་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་ལམ་ལུགས་སྦྲེལ་མཐུད་བྱེད་པར་ཕན་ཐོགས་ཡོད་ཟེར། ཙེ་ལེན་སི་ཅི་ཡིས་བསྟན་དོན། རྒྱལ་ཁབ་ཀྱི་ནང་སྲིད་གནད་དོན་ལ་བཀག་རྒྱ་བཟོ་བའི་གནད་དོན་ཚང་མ་གཙང་སེལ་བྱེད་བཞིན་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་ཚེས་ཉེར་བཞི་ཉིན་ཙུང་ཐུང་བཀའ་རྒྱ་མང་བོ་བཏང་སྟེ། ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཝུའུ་ཁི་ལན་གྱི་མངའ་ཁོངས་ཀྱི་འབྲེལ་ཡོད་ཆོས་ལུགས་ལས་ཁུངས་དང་ཆོས་ལུགས་མི་སྣར་བཀག་སྡོམ་དང་དཔལ་འབྱོར་བཀག་སྡོམ་བྱེད་པའི་ཆོད་དོན་ལ་ཆོག་མཆན་བཀོད་དེ། ཅི་ཧྥུའུ་མངའ་སྡེ་དང་ཧི་ཨར་སུང་མངའ་སྡེ། སུའུ་མཱེ་མངའ་སྡེ། ཀྲ་པའོ་ལོ་རི་མངའ་སྡེ། ཏིས་ནེ་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེ་བཅས་ཀྱི་དམག་དོན་སྲིད་འཛིན་དཔོན་པོའི་ལས་འགན་བླངས་པ་དང་། ཁུའུ་ལེ་པཱ་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པར་བསྐོ་འཇོག་བྱས། ཚེས་ཉེར་གསུམ་ཉིན་ཙེ་ལེན་སི་ཅི་ཡིས་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཅི་མའོ་ཧྲིན་ཁི་ཡི་ལས་ཁུར་དགོངས་ཞུའི་རེ་ཞུར་ཆོག་མཆན་བཀོད་པ་དང་། ཁོའི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་ལས་འགན་བླངས་པ་རེད། 

ཝུའུ་ཁི་ལན་གྱི་ནང་སྲིད་པུའུ་ཀྲང་ནེ་མུའུ་ཆན་ནོའུ་ཧྥུའུ་ཡིས་ཚེས་ཉེར་བཞི་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་སྲིད་འཛིན་ལས་ཁུངས་ཀྱིས་ཉིན་དེར་གྲོས་ཚོགས་བསྡུས་ནས། རྒྱལ་སྲུང་པུའུ་དང་སྤྱི་ཚོགས་སྲིད་ཇུས་པུའུ་སོགས་ལས་ཁུངས་ཀྱི་པུའུ་ཀྲང་གཞོན་པ་བཞིའི་ལས་འགན་ལེན་རྒྱུ་ཐག་བཅད་པ་རེད་ཟེར། 

ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཐེངས་འདིར་ཝུའུ་ཁི་ལན་གྱི་སྲིད་འཛིན་ལས་ཁུངས་དང་ས་གནས་དཔོན་རིགས་ཀྱི་གཞི་རྒྱ་ཆེ་བའི་བརྗེ་སྤོར་དེ་ཉེ་སྔོན་ཐེར་འདོན་བྱས་པའི་རུལ་སུངས་གྱོད་དོན་དང་ཉེས་དོན་གྱོད་གཞི་མང་བོར་འབྲེལ་བ་ཡོད་ངེས་རེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།