འཇར་མན་གྱིས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད། 
2023.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

འཇར་མན་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། འཇར་མན་གྱིས་ཝུའུ་ཁི་ལན་ལ་གཙོ་ཐབས་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད་ཟེར། ཉིན་དེར་ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། མིག་སྔར་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་མདུན་ལྗོངས་མཐོང་མི་ཐུབ་ཟེར། 

འཇར་མན་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། འཇར་མན་གྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་དམག་དོན་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་ལ་གཙོ་ཐབས་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད་ཟེར། གོམ་པ་དང་པོར་འཇར་མན་གྱིས་ཝུའུ་ཁི་ལན་ལ A6རྟགས་ཅན་གྱི་གཙོ་འཐབ་ཐན་ཁི་འཁོར་ལོ་བཅུ་བཞི་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་འཇར་མན་གྱི་མནའ་མཐུན་དག་གིས་ཝུའུ་ཁི་ལན་ལ་འཇར་མན་གྱིས་བཟོས་པའི་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

འཇར་མན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོ་ནེ་ཆཱ་ཡེ་ཧྥུའུ་ཡིས་ཉིན་དེར་འཇར་མན་གྱིས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་པའི་ཐད་ནས་བསྟན་དོན། འཇར་མན་གྱི་ཆོད་དོན་དེར་ཉེན་ཁ་ཧ་ཅང་ཆེ་བ་དང་། འཁྲུག་རྩོད་དེ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་ཟེར། ཁོས་བཤད་རྒྱུར། དེ་ལས་ད་རུང་འཇར་མན་དང་དེའི་མནའ་མཐུན་གྲོགས་པོ་དག་གིས་ཕྱི་ཕྱོགས་ཀྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་སྤྲོ་བ་མེད་པ་དང་། འཁྲུག་རྩོད་གནས་བབ་སྔར་ལས་ཇེ་སྡུག་ཏུ་གཏོང་འདོད་ཡོད་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་ཉེར་ལྔ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། འཇར་མན་གྱིས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱེད་པར་ཡིད་འཐད་བྱུང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཀྱི་གནད་འགག་གི་སྐབས་སུ། ཐན་ཁི་འཁོར་ལོ་དེ་དག་གིས་ཝུའུ་ཁི་ལན་ལ་རྒྱལ་ཁ་ཐོབ་པར་རོགས་རམ་བྱེད་ཐུབ་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་འཛམ་གླིང་ཡོངས་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་པ་དང་། ཨ་མེ་རི་ཁ་གཙོ་བྱས་པའི་བྱང་ཆིངས་རྩ་འཛུགས་ཀྱིས་སྤྱད་པའི་བྱེད་ཕྱོགས་ལ་བསམ་བློ་བཏང་ན། མིག་སྔར་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་བའི་རྒྱུ་རྐྱེན་གང་ཡང་མཐོང་མི་ཐུབ་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།