འཇར་པན་གྱི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཁྲིམས་འཛུགས་དམངས་གཙོ་ཏང་གི་ཏང་གཙོ་ཆོན་ཅན་ཐེ་ཡིས་ཚེས་ཉེར་ལྔ་ཉིན་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་ཚོགས་སྟེང་། དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ནན་བཤད་བྱས་པའི་དགྲ་བོའི་རྟེན་གཞིར་དཔུང་འཇུག་བྱེད་པའི་ནུས་པ་ལྡན་པར་བྱེད་དགོས་པའི་སྲིད་སྐྱོང་འདོད་བློ་དེར་སྐྱོན་འཛུགས་བྱས་པ་དང་། འདོད་བློ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ཟེར།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་ཉེར་གསུམ་ཉིན་རྒྱལ་ཚོགས་ཀྱི་རྒྱུན་ལྡན་ཚོགས་འདུ་ཉིས་བརྒྱ་དང་བཅུ་གཅིག་སྤེལ་བའི་སྐབས་སུ་སྲིད་སྐྱོང་གཏམ་བཤད་སྤེལ་ཏེ། རྩ་བའི་ཐོག་ནས་འཇར་པན་གྱི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པ་ནན་བཤད་བྱས་པར་མ་ཟད། ཕྱིར་རྒོལ་ནུས་པ་སྟེ་དགྲ་བོའི་རྟེན་གཞིར་དཔུང་འཇུག་བྱེད་པའི་ནུས་པ་ལྡན་པར་བྱེད་པ་དེ་འཇར་པན་ལ་མཚོན་ན་དགོས་གལ་ཆེ། དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད། ལོ་ངོ་ལྔའི་ནང་འཇར་པན་གྱི་འགོག་སྲུང་གྲོན་དངུལ་གྱི་སྤྱི་འབོར་དེ་འཇར་སྒོར་ཁྲག་ཁྲིག་ཆེན་མོ་བཞི་དང་ཁྲིག་ཁྲིག་གསུམ་ལ་ཇེ་མང་དུ་གཏོང་རྒྱུ་ཡིན་པ་དང་། ནོར་སྲིད་ཀྱི་འབྱུང་ཁུངས་སྐོར་ཞིག་ཁྲལ་བསྡུ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
དོན་དེའི་ཐད་ནས་ཆོན་ཅན་ཐེ་ཡིས་ཚེས་ཉེར་ལྔ་ཉིན་དམངས་གྲོས་ཁང་གི་གྲོས་ཚོགས་སྟེང་ནས་ངོ་རྒོལ་དྲག་པོ་བྱས། ཁོས་བཤད་རྒྱུར། དགྲ་བོའི་རྟེན་གཞིར་དཔུང་འཇུག་བྱེད་པའི་ནུས་པ་ནི་འཕུར་མདའི་གཏོང་འཕེན་དུས་རིམ་དུ་ལག་བསྟར་བྱེད་པའི་དགྲ་བོའི་རྟེན་གཞིའི་དཔུང་འཇུག་ཅིག་ཡིན་པ་དང་། སྔོན་ལ་ལག་འགུལ་བའི་དཔུང་འཇུག་ཏུ་འགྱུར་སྲིད་པས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ཟེར། དེའི་ཞོར་དུ་ཨན་ཐེན་ཝུན་ཞོང་གིས་བཏོན་པའི་འགོག་སྲུང་ཆེད་དཔྱ་ཁྲལ་ཇེ་མང་དུ་གཏོང་བའི་བྱེད་ཕྱོགས་དེར་རྒྱལ་ཚོགས་ཀྱིས་གྲོས་བསྡུར་གང་ཡང་བྱས་མེད་པ་དང་། ཁོས་གང་འདོད་དུ་བཤད་པའི་ཆོད་དོན་ཅིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།